དེང་སང་དགུན་ཁ་ཡིན་ལ།
གནམ་གཤིས་ཤིན་ཏུ་གྲང་བའི་སྐབས་ཤིག་ཀྱང་ཡིན། ས་རུབ་སྔ་ལ་ནམ་ལང་ཕྱི་བས་ཉིན་ཐུང་མཚན་རིང་གི་དུས་ཚོད་ཅིག་ཡིན་སྟབས།
ཉལ་ས་དྲོ་བོའི་ནང་འཛུལ་བསྡད་པ་ལས་ཕྱི་རུ་འཆམ་འཆམ་འགྲོ་རྒྱུའི་བསམ་བློ་ཙམ་ཡང་མི་འཁོར།
དགོང་ཟས་སྟབས་བདེ་ཞིག་ཟས་རྗེས་མལ་ས་ལས་ཁ་མི་འབྲལ་ཞིང་།
དེབ་དང་གློག་ཀླད་ལ་འཐམས་ནས་ཉལ་རྒྱུ་ནི་ཁོ་བོའི་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་གྱུར་པ་མ་ཟད།
རྒས་འཁོགས་ཤིག་དང་འདྲ་བར་ཞོགས་པ་སྔ་པོ་ནས་གཉིད་སད་ཅིང་།
སླར་ཡང་དེབ་དང་གློག་ཀླད་ལ་ཅེར་ནས་ལུས།
འདི་ལྟ་བུའི་སྐབས།
རང་སེམས་གསོ་བའི་སྨན་ཆུང་གི་མཛའ་བརྩེ་དང་དྲོད་ཁོལ་མེད་ལ།
སྙིང་གཏམ་ལྷུག་པོར་གླེང་སའི་མཆེད་གྲོགས་ཤིག་ཀྱང་མེད།
ཡང་ལྟ་གྲུབ་དང་གཞུང་ལུགས་གླེང་བའི་ཆོས་གྲོགས་མེད་ལ།
ཚོར་བ་དང་སྒྱུ་རྩལ་ལ་འཐིམས་པའི་རྩོམ་གྲོགས་ཤིག་ཀྱང་མེད།
གྲོགས་གང་ཡང་མེད་ཅིང་རོགས་ཅི་ཡང་མེད་པའི་ས་མཐའ་འདིར་ཁེར་རྐྱང་གི་འཚོ་བ་ཞིག་སྐྱེལ་དུས།
ཚེ་ཕྱི་མའི་ཆེད་དུ་སྒོམ་སྒྲུབ་ཀྱི་ཉམས་ལེན་མེད་ལ།
ཐ་ན་ཁ་འདོན་དགེ་སྦྱོར་ཙམ་ལའང་ཞུགས་མ་ཐུབ།
གནའ་དེང་གི་ཤེས་རིག་ལ་སྦྱངས་པ་དེ་ཙམ་མ་ཐུབ་ལ།
གསར་རྩོམ་གྱི་ལས་སུའང་དེ་ཙམ་ཞུགས་མ་ཐུབ།
དེ་ལྟ་བུ། འདི་ལྟ་བུ་་་་་་་་་་་་་་་རང་གིས་༢༠༡༣
གྱི་ལོ་རྫོགས་ལ་ཉེ་ཞིང་། ངས་ཕྱིར་འདང་རེ་རྒྱབ་དུས།
ངོ་མ་སེམས་སྐྱོ་ནས་ངུ་ན་ངུ་མ་ཤེས་པ་ཞིག་དང་།
ཡིད་སྡུག་ནས་མིག་ཆུ་གཏོང་ནའང་གཏོང་མི་ཤེས་པ་ཞིག་ཏུ་གྱུར་འདུག
གང་ལྟར་ཡང་།
གྲང་ཞིང་འཁྱག་པའི་དགུན་དུས་ནི་ནམ་ཡང་ཞེ་གཏིང་ནས་འཁོན་པའི་དགྲ་བོ་བཞིན་དུ་གྱུར།
དགུན་དུས་ཀྱི་ཁ་ཆར་བུ་ཡུག་འདི་མྱུར་དུ་མཇུག་འགྲིལ་ན་སྙམ་ཞིང་།
དགུན་གྱི་ལྷགས་རླུང་འདི་མགྱོགས་ནས་ཆད་ན་བསམ།
་་་་་་་་་ད་ནི།
ངའི་ལག་པ་ཡང་འཁྱག་སྒམ་དུ་བཅུག་པའི་ཤ་རྡོག་བཞིན་དུ་གྱུར་ལ་ཉེ་བས་་་་་་་་འདིར་མཚམས་མ་བཞག་ཀ་མེད་བྱུང་།
༢༠༡༣། ༡༢། ༡༣ ཉིན་གྱི་ཞོགས་པར་རང་ཤག་ནས།