Wednesday, November 20, 2013

བོད་ཀྱི་སྲས་མོ་ཡི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།


བོད་ཀྱི་སྲས་མོ་ཡི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ལོ་ཡོ་ལོ་མཐོ་སློབ་ནས་ཨིན་ཇི་རྩོམ་རིག་གི་ཐོག་གསེར་གྱི་རྟགས་མ་བཞེས་པའི་སྲས་མོ་བསྟན་འཛིན་སྒྲོལ་མའི་འཁྲུངས་སྐར་ལ་རྟེན་འབྲེལ་དུ།


དགྲ་གཉེན་ཀུན་ལ་རིས་མེད་ཐུགས་རྗེ་ཡིས།།
དམ་དུ་འཆིང་པའི་ཡིད་བཞིན་ནོར་བུ་ཡིས།།
བསྟན་སྒྲོལ་ཞུ་བའི་བོད་ཀྱི་སྲས་མོ་ལ།།
ཀུན་ཏུ་དགེ་བའི་ཤིས་པ་མྱུར་དུ་སྩོལ།།




ཕོ་བརྒྱའི་སེམས་པ་འགུག་པའི་མཛེས་ལྡན་མ།།  

མོ་སྟོང་ཡི་རང་ཤོར་བའི་མཛངས་མ་ལགས།།


མཁས་པའི་ཐུགས་ལ་འཐད་པའི་ཤེས་ལྡན་མ།།


བསྟན་
འཛིན་སྒྲོལ་མའི་འཁྲུངས་སྐར་བཀྲ་ཤིས་ཤོག།།


ལས་དབང་རླུང་འཚུབ་གཅིག་གི་སྲུབ་ཁ་ནས།།
ཁྱེད་ཉིད་སྔོན་ནས་ཞལ་མཇལ་བྱུང་ན་ཡང་།།
སྲས་མོ་བསྟན་སྒྲོལ་ཞུ་བའི་མཛངས་མ་ལ།།
ནོར་བུའི་ནོར་ཉམས་མ་ཆོད་ཡིད་རེ་སྐྱོ།།

དེ་རིང་ངོ་དེབ་དྲ་བའི་གླེང་སྟེགས་ནས།།
གང་ཁྱེད་པར་རིས་མཇལ་བའི་ཚོར་རླབས་ཀྱིས།།
ཡིད་ཀྱི་དགའ་ཚོར་སྙིང་ཁས་མ་ཁོག་ནས།།
བསྟོད་ཚིག་འདི་ཀོ་མ་འབད་ལྷུན་གྱིས་ཤོར།།

བསྟན་སྲིད་ཆགས་འཇིག་མཚམས་ཀྱི་གཡང་ཁ་ནས།།
འཛིན་མའི་རྒྱན་དུ་ཕེབས་པའི་སྲས་མོ་ཞིག།།
སྒྲོལ་མའི་མཛེས་སྡུག་བརྐུས་པའི་མཛངས་མ་གང་།།
མ་བཟང་བུ་མོ་ཟེར་ན་ཁྱེད་ཉིད་ཙམ།།

བསྟན་དང་ཆབ་སྲིད་གསེར་གྱི་འཁྲི་ཤིང་གང་།།
འཛིན་པའི་སྐྱེ་བོ་རིམ་གྱིས་ཟད་པ་ན།།
སྒྲོལ་མའི་ཐུགས་ལས་འཁྲུངས་འདྲའི་མཛངས་མ་ཞིག།
མ་འགྱངས་བོད་ཀྱི་དོན་དུ་འཁྲུངས་པ་ཁྱེད།།།


བོད་དང་བོད་པ་ཆགས་འཇིག་གཡང་ཁར་སླེབས།།
བོད་མི་ཕལ་ཆེར་རང་དོན་ཁོ་ནར་གཡེངས།།
བོད་ཕྲུག་ཕལ་ཆེར་ཟང་ཟིང་སྣང་བར་འཁོར།།
བོད་ལ་རེ་བ་ཟད་པའི་མཐའ་མཇུག་དེར།།

བོད་ཀྱི་ཤ་ཞེན་ཁོག་ཏུ་འབྱར་བ་ཞིག།།
བོད་ཀྱི་དབུ་འཕང་མཐོ་རུ་འདེགས་པའི་སླད།།
བོད་ཀྱི་སྲས་མོར་འཁྲུངས་པའི་མཛངས་མ་གང་།།
བོད་ཀྱི་གནམ་ས་གཉིས་ཀྱི་རྒྱན་དུ་མཛེས།
བོད་ལ་ཁྱེད་ཉིད་འཁྲུངས་པས་རེ་བ་བྱིན།།
བོད་ལ་ཁྱེད་ཉིད་ཕེབས་པས་དབུ་འཕང་བཏེགས།།
བོད་ཀྱི་སྲས་མོ་ཞེས་པ་ཁྱེད་ཉིད་ཙམ།།
བོད་ཀྱི་དོན་དུ་སྐུ་ཚེ་བརྟན་པར་སྨོན།།

ལོ་ཟླ་ཁུགས་སོ་འགའ་ཡི་སྔ་རོལ་ན།།
ཁྱེད་ཉིད་ཞལ་མཇལ་བྱུང་བ་དྲན་པའི་མོད།།
དགའ་ཚོར་སྟོང་གིས་འགུལ་བའི་སྙིང་ཁ་ནས།།
འཛུམ་པའི་རླབས་རིས་བདག་གི་བཞིན་ལ་བྲིས།།

དེ་རིང་མཛངས་མ་གང་གི་འཁྲུངས་སྐར་ཉིན།།
ཁོ་བོའི་ཡིད་སེམས་དགའ་སྤོབས་སྟོང་གིས་བཏེགས།།
ལྷད་མེད་མཛའ་བརྩེ་མདུད་པས་དམ་འཁྱུད་པའི།།
རྟེན་འབྲེལ་ལེགས་སྐྱེས་འདི་ཉིད་བཞེས་པར་མཛོད།།

ཡུལ་དང་དུས་ཀྱི་བསྐལ་བས་བཅད་པ་ལས།།
ཁྱེད་ཀྱི་གམ་དུ་བཅར་བར་མ་ཐུབ་ཀྱང་།།
འཁྲུངས་སྐར་རྟེན་འབྲེལ་ཞུ་བའི་སྙན་ཚིག་འདི།།
གང་ཁྱེད་དགྱེས་པའི་ལེགས་སྐྱེས་ཟོལ་གྱིས་ཕུལ།།

 བེ་རི་རྒྱལ་པོའི་ཁྲག་རུས་འདྲེས་ཤིང་བེ་རི་མཁས་པའི་བྱིན་རླབས་ཞུགས་པ། ཕ་དམ་པ་བེ་རི་འགྱུར་དགའི་སྲས་སུ་སྐྱེས་པའི། བེ་རི་དཔལ་ལྡན་རྣམ་རྒྱལ་ལམ་བེ་རི་རྒྱལ་སྲས་ཀྱིས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་ནས་ཉིན་གུང་བར་གསེང་གི་སྐབས་ཐོལ་བྱུང་དུ་བྲིས།