Wednesday, August 28, 2013

དྲན་གླུ་འབྲི་ཚུལ་གྱི་སྐོར་རགས་ཙམ་གླེང་བ་བྱིས་པའི་འཇུག་ངོགས།

དྲན་གླུ་འབྲི་ཚུལ་གྱི་སྐོར་རགས་ཙམ་གླེང་བ་བྱིས་པའི་འཇུག་ངོགས།

གང་ཞིག་བསྟེན་ན་སྨྲ་བའི་འདབ་རྒྱ་ཀུན།།
གྲོལ་བར་མཛད་པའི་ས་ར་སི་དྷིའི་དཔལ།།
བདག་གི་མགྲིན་པའི་ཀློང་དུ་བཞུགས་མཛད་ནས།།
སྨྲ་བའི་ཤིས་པ་སྟོང་དུ་བསྙིལ་བར་མཛོད།།

               ཅེས་རིང་ནས་བསྟེན་པའི་ལྷག་པའི་ལྷ་མོ་ལ་མཆོད་པར་བརྗོད་པའི་དབྱངས་ཀྱིས་སྔུན་བསུས་ནས་འདིར་གང་གླེང་བར་བྱ་བ་ནི།རྩོམ་རིག་གི་ལམ་དུ་ཞུགས་པའི་སྔོན་འགྲོའི་སྟ་གོན་དུ་དྲན་གླུ་འབྲི་ཚུལ་གྱི་སྐོར་རོབ་ཙམ་གླེང་བ་འདི་འོ།
དེ་ཡང་རྩོམ་ཡིག་སྦྱོང་བའི་ལས་དང་པོ་བ་ཞིག་ཡིན་ན།   རང་བཞིན་གྱིས་འབྲི་བདེ་ཞིང་།  འབྲི་སྲོལ་ཡང་ཤིན་ཏུ་ཆེ་སྟབས། འདིར་ཁོ་བོས་བོད་ཀྱི་རྩོམ་ཡིག་གི་འཇུག་ངོགས་སུ་བསམ་ནས་དྲན་གླུ་འབྲི་ཚུལ་གྱི་ངོ་སྤྲོད་དང་དཔེར་བརྗོད་རགས་ཙམ་ཞིག་འབྲི་བའི་ལས་སུ་ཞུགས་པ་ཡིན།

༡། ཡོན་ཏན་བརྗོད་པའི་དྲན་གླུ་འབྲི་ཚུལ།

ཡོན་ཏན་བརྗོད་པའི་དྲན་གླུ་ཞེས་པ་དེ་ནི། རྩོམ་པ་པོ་རང་ཉིད་ཀྱིས་གང་ཞིག་བརྗོད་གཞིར་བཟུང་བའི་གང་ཟག་གམ་དངོས་པོ་དེའི་སྒྲུབ་ཕྱོགས་ཀྱི་ཡོན་ཏན་དངོས་སུ་བརྗོད་པའི་སྒོ་ནས་བརྗོད་གཞི་དེ་ཉིད་དྲན་ཚུལ་བརྗོད་པའི་ཚིག་སྦྱོར་ཞིག་ལ་ཟེར།།
དཔེར་ན།
                གཉེན་ལྕུག་སྐུ་ཡི་པད་དཀར་ཕྲ་ཞིང་ལྡེམ།།
                བྱམས་བརྩེའི་ནོར་བུ་ཚོགས་ཀྱིས་ཐུགས་རྒྱུད་གཏམས།
                ཕྲུ་གུའི་ཚོགས་ལ་མདུན་ལམ་གསལ་མཛད་པའི།།
                དྲིན་ཅན་མ་མ་སྙིང་གི་དབུས་ནས་དྲན།།

ཞེས་པ་འདིར། དེ་ཡང་འདིར་མ་མ་ལ་སྦྱར་ནས་ཡོན་ཏན་བརྗོད་པའི་དྲན་གླུ་ཞིག་གོང་དུ་བཀོད་པ་ལྟར། རེག་བྱ་མཉེན་ཞིང་ལྕུག་པའི་སྐུ་གཟུགས་ཀྱི་མེ་ཏོག་པད་མ་དཀར་པོ་དེ་ཕྲ་ཞིང་། ལྡེམ་ལྡེམ་དུ་གཡོ་བ་དང་། རང་གི་ཕྲུ་གུའི་ཆེད་དུ་རང་གི་སྲོག་ཀྱང་གཏོང་བར་ཕོད་པའི་བྱམས་པ་དང་བརྩེ་བའི་ནོར་བུའི་ཚོགས་ཀྱིས་ཐུགས་རྒྱུད་བཟང་པོ་ཡོངས་སུ་གཏམས་པའམ་ཕྱུག་པ་གང་དེས། སོ་སོའི་ཕྲུ་གུར་ཁ་ཏ་དང་བསླབ་བྱ་གང་ནུས་གནང་ནས་ཕྲུ་གུའི་མ་འོངས་པའི་མི་ཚེའི་མདུན་ལམ་གསལ་བར་མཛད་པའི་བཀའ་དྲིན་ཆེ་བའི་མ་མ་ཁྱེད་ཁྱེད་བུ་ཆུང་ང་ཡིས་སྙིང་ཁོང་གི་གཏིང་ནས་དྲན་ཞེས་པའོ།། འདིར་མ་མ་ཞེས་པ་དེ་ཉིད་བརྗོད་གཞིར་བཟུང་ནས་དྲན་ཚུལ་བརྗོད་པ་ཡིན་ཞིང་། དེ་ཡང་མ་མ་དེའི་སྒྲུབ་ཕྱོགས་ཀྱི་ཡོན་ཏན་སྐུ་གཟུགས་ཕྲ་ཞིང་ལྡེམ་པ། བྱམས་བརྩེས་ཕྱུག་པ། ཕྲུ་གུའི་མདུན་ལམ་གསལ་བ་རྣམས་དངོས་སུ་བརྗོད་ནས་ཡོན་ཏན་དེ་དག་གང་ལྡན་པའི་མ་མ་དེ་ཉིད་དྲན་ཚུལ་བརྗོད་པས་འདི་ཉིད་ལ་ཡོན་ཏན་བརྗོད་པའི་དྲན་གླུ་ཞེས་བྱའོ།།

༢། མཚུངས་པར་བརྗོད་པའི་དྲན་གླུ་འབྲི་ཚུལ།

མཚུངས་པར་བརྗོད་པའི་དྲན་གླུ་འབྲི་ཚུལ་ཞེས་པ་ནི། རྩོམ་པ་པོ་རང་ཉིད་ཀྱིས་བརྗོད་གཞི་གང་ཞིག་བཟུང་བའི་གང་ཟག་གམ་དངོས་པོ་དེ་དང་འདྲ་ཆོས་སུ་ཡོད་པའི་དཔེ་ཞིག་ཐོག་མར་བཀོད་ནས་དེ་མཐོང་བ་དང་ཐོས་པ་སོགས་ལ་བརྟེན་དཔེ་ཅན་བརྗོད་གཞི་གཙོ་བོ་དེ་ཉིད་དྲན་ཚུ་བརྗོད་པའི་ཚིག་སྦྱོར་ཞིག་ལ་ཟེར་བ་ཡིན།
དཔེར་ན།

སྔོ་ཞིང་ལྗང་པའི་ནགས་ཀླུང་སྟུག་པོའི་ཁྲོད།།
ཁུ་བྱུག་སྔོན་མོའི་མགྲིན་གླུ་གྱེར་བ་ན།།
མ་ལོས་གནང་བའི་བསླབ་བྱའི་གསུང་དབྱངས་དེ།།
དྲན་འཛིན་མེ་ལོང་ངོས་སུ་སླར་ཡང་ཤར།།

ཞེས་པ་འདིར། ཁ་དོན་སྔོ་ཞིང་ལྗང་བའི་ནགས་ཀླུང་ངམ་ནགས་ཚལ་སྟུག་པོའི་ཁྲོད་དུ་ལྷོ་ཕྱོགས་མོན་ཡུལ་ནས་འཕུར་བའི་བྱ་ཁུ་བྱུག་སྔོན་མོ་མགྲིན་གླུ་དལ་བུར་གྱེར་བའམ་བླངས་པ་ན། བདག་གི་དྲིན་ཅན་མ་ལོས་བྱམས་བརྩེས་ཀུན་ནས་བླངས་ཏེ་གནང་བའི་བསླབ་བྱའི་གསུང་དབྱངས་དེ་དག་བུ་ངའི་དྲན་འཛིན་མེ་ལོང་ངམ་སེམས་པའི་ངོས་སུ་སླར་ཡང་ཤར་ཅིང་དྲན་ནོ། ཞེས་པའོ།།

འདིར་མ་མའི་གསུང་དབྱངས་དེ་བརྗོད་གཞིར་བཟུང་ནས་དྲན་ཚུལ་བརྗོད་པ་ཡིན་ཞིང་། དེ་ཡང་མ་མ་དེའི་གསུང་དང་འདྲ་ཆོས་ཡོད་པའི་དཔེ་ཁུ་བྱུག་སྔོན་མོའི་སྐད་དེ་ཐོག་མར་བཀོད་ནས་དེ་སྒྲོག་པ་ན་མ་མའི་གསུང་དབྱངས་དེ་དྲན་ཚུལ་བརྗོད་པས་ན། འདིའི་རིགས་ལ་མཚུངས་པར་བརྗོད་པའི་དྲན་གླུ་ཞེས་ཟེར་བ་ཡིན།

འདི་དང་འདྲ་བར། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས།

ཤར་ཕྱོགས་རི་བོའི་རྩེ་ནས།།
དཀར་གསལ་ཟླ་བ་ཤར་བྱུང་།།
མ་སྐྱེས་ཨ་མའི་བཞིན་རས།།
ཡིད་ལ་འཁོར་འཁོར་བྱས་བྱུང་།།
ཞེས་པ་འདི་ཡང་མཚུངས་པར་བརྗོད་པའི་དྲན་གླུའི་ཁོངས་སུ་གཏོགས་པ་ཡིན་སྙམ།

༣། ལྡོག་ཕྱོགས་བརྗོད་པའི་དྲན་གླུ་འབྲི་ཚུལ།

ལྡོག་ཕྱོགས་བརྗོད་པའི་དྲན་གླུ་ཞེས་པ་ནི། རྩོམ་པ་པོ་རང་ཉིད་ཀྱིས་གང་ཞིག་བརྗོད་གཞིར་བཟུང་བའི་གང་ཟག་གམ་དངོས་པོ་དེའི་ཁྱད་ཆོས་ལས་ལྡོག་ཕྱོགས་སམ། མི་མཐུན་པའི་ཁྱད་ཆོས་དང་བྱ་བ་ཅི་རིགས་ཤིག་དངོས་སུ་བརྗོད་ནས་ཤུགས་ལ་བརྗོད་གཞི་གཙོ་བོ་དེ་ཉིད་དྲན་ཚུལ་བརྗོད་པ་ཞིག་ལ་ཟེར།

དཔེར་ན།

བློ་གསལ་གཞོན་ནུ་ཚོགས་པའི་གྲལ་མགོ་རུ།།
རྣམ་དཔྱོད་གཤོག་སྒྲོ་ཟད་པའི་བྱ་རྒན་ཞིག།།
དོན་མེད་ཐན་སྐད་རྟག་ཏུ་སྒྲོག་པའི་དུས།།
མཁས་དབང་དགེ་རྒན་ཁྱེད་ཉིད་ལྷག་པར་དྲན།།

འདིར། རང་ཉིད་ཀྱི་དགེ་རྒན་རྒྱང་རིང་དུ་བཞུགས་པ་དེ་བརྗོད་གཞི་དང་། དེ་ཉིད་དྲན་ཚུལ་བརྗོད་པ་ཡིན་ཞིང་། དེ་ཡང་གོང་དུ་བཤད་པའི་དྲན་ཚུལ་རྣམས་དང་མི་འདྲ་བར། མཁས་པའི་དབང་པོ་དགེ་རྒན་དེ་ཉིད་དང་དེ་ལ་ཡོད་པའི་ཁྱད་ཆོས་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་པ་དང་། བློ་གསལ་གྱི་གཞོན་ནུའི་ཚོགས་ལ་ལེགས་བཤད་སྒྲོག་པ་སོགས་ལས་ལྡོག་པ་སྟེ། ཁྱད་ཆོས་དེ་དག་མེད་པའི་རྒན་མིང་ཙམ་འཛིན་པ་རྣམ་དཔྱོད་དང་བྲལ་ཞིང་། དུས་ཀུན་ཏུ་གཞན་དག་ལ་ཀུ་ཅོ་ཁོ་ན་སྒྲོག་སྟེ་བློ་གསལ་གཞོན་ནུ་རྣམས་ཀྱི་དུས་ཚོད་དང་མི་ཚེ་འཕྲོ་རླག་ཏུ་གཏོང་བའི་མི་རྒན་དེ་མཐོང་བ་ན། དེ་དག་གི་སྐྱོན་དང་བྲལ་བའི་རྒྱང་རིང་དུ་བཞུགས་པའི་དགེ་རྒན་དེ་སེམས་གཏིང་ནས་དྲན་ཞེས་པ་འདི་ནི། དོན་དུ་དགེ་རྒན་མཁས་པ་དེ་དྲན་ཚུལ་བརྗོད་པ་ཡིན་ཡང་། དངོས་སུ་སྐབས་དེའི་དགེ་མིང་འཛིན་པ་དེའི་སྐྱོན་རྣམས་བརྗོད་པས་དེའི་སྐབས་སུ་སྐྱོན་དེ་དག་དང་བྲལ་བའི་དགེ་རྒན་ཁྱེད་ཉིད་དྲན་ཚུལ་བརྗོད་པ་ཡིན་པས་དེ་རིགས་ལ་ལྡོག་ཕྱོགས་བརྗོད་པའི་དྲན་གླུ་ཞེས་བརྗོད་ན་འགྲིགས་སམ་སྙམ།


༤།
དུས་ལ་སྦྱར་བའི་དྲན་གླུ་འབྲི་ཚུལ།

དུས་ལ་སྦྱར་བའ་དྲན་གླུ་ཞེས་པ་ནི། རྩོམ་པ་པོ་རང་ཉིད་ཀྱིས་བརྗོད་གཞིར་བཟུང་བའི་གང་ཟག་གམ་དངོས་པོ་དེ་ལ་ཁྱད་པར་མ་སྦྱར་བར་རྩོམ་པ་པོ་རང་ཉིད་ཀྱིས་དྲན་བྱའི་གང་ཟག་གམ་དངོས་པོ་དེ་དུས་ནམ་ཞིག་དྲན་པའི་ཚུལ་གཙོ་བོར་བརྗོད་ནས་དྲན་ཚུལ་གསལ་བར་བྱེད་པའི་ཚིག་སྦྱོར་ཞིག་ལ་ཟེར།

དཔེར་ན།

ལྷོ་ཕྱོགས་བསིལ་རླུང་འཇམ་པོ་དལ་གྱི་ལྡང་།།
སྐར་ཚོགས་འབུམ་གྱིས་སྒེག་ཉམས་ཀུན་ལ་ངོམས།།
ཡངས་པའི་ས་གཞི་ཆེན་མོ་གཉིད་དུ་ཡུར།།
རྒྱང་རིང་དགའ་རོགས་ཁྱེད་ཉིད་ལྷག་པར་དྲན།།

ཞེས་པ་འདིར། ལྷོ་ཡི་ཕྱོགས་ནས་རེག་བྱ་བསིལ་བའི་རླུང་འཇམ་པོ་དེ་དལ་བུར་ལྡང་བ་དང་། ནམ་མཁའི་སྐར་ཚོགས་འབུམ་ཕྲག་མང་པོས་མཛེས་པའི་སྒེག་ཉམས་འཇིག་རྟེན་ཀུན་ལ་ངོམས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོ་གཉིད་དུ་ཡུར་ནས་འཇམ་ཐིང་ངེར་གནས་པའི་ཁུ་སིམ་སིམ་གྱི་མཚན་མོར་ང་དང་རྒྱང་རིང་དུ་གནས་པའི་ངའི་སྙིང་གི་དགའ་གྲོགས་ཀྱི་བཞིན་རས་དེ་ལྷག་པར་ཡང་དྲན་སོང་ཞེས་པ་ལྟ་བུའོ།།

འདིར་རྒྱང་རིང་གི་དགའ་མ་དེ་བརྗོད་གཞིར་བཟུང་ནས་དྲན་ཚུལ་བརྗོད་པ་ཡིན་ལ། དེ་ཡང་བརྗོད་གཞིར་གྱུར་པའི་དགའ་མ་དེ་ལ་ཁྱད་པར་གང་ཡང་མ་སྦྱར་བར་གང་ཟག་རང་ཉིད་ཀྱིས་དགའ་མ་དེ་ཉིད་རླུང་བསིལ་བུ་ལྡང་བ་དང་། སྐར་མ་འབུམ་ཕྲུག་བཀྲ་བ། ཁུ་སིམ་སིམ་དང་འཇམ་ཐིང་ཐིང་གི་མཚན་མོར་ལྷག་པར་དྲན་ཚུལ་བརྗོད་པ་ཡིན་པས་དེའི་རིགས་ལ་དུས་ལ་སྦྱར་བའི་དྲན་གླུ་ཞེས་བརྗོད་པ་ཡིན།

༥། སྐྱོན་ཆ་དངོས་སུ་བསལ་བའི་དྲན་གླུ་འབྲི་ཚུལ།

སྐྱོན་ཆ་དངོས་སུ་བསལ་བའི་དྲན་གླུ་འབྲི་ཞེས་པ་ནི།་རྩོམ་པ་པོ་རང་ཉིད་ཀྱིས་བརྗོད་གཞི་གང་ཞིག་བཟུང་བའི་གང་ཟག་གམ་དངོས་པོ་དེ་དང་མི་མཐུན་པའི་སྐྱོན་གྱི་ཆ་ཤས་རྣམས་དངོས་སུ་བསལ་ནས་སྐྱོན་ཆ་དེ་དག་དང་བྲལ་བའི་བརྗོད་གཞི་གཙོོ་བོ་དེ་ཉིད་དྲན་ཚུལ་བརྗོད་པ་ཞིག་ལ་ཟེར།

དཔེར་ན།

རང་ཉིད་གཅེས་པར་འཛིན་པའ་བློ་བྲལ་ཅིང་།།
འཚེ་བར་སྤྱོད་པའི་གནོད་སེམས་ཞི་གྱུར་པའི།།
འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་མཆོག།།
ཉམ་ཐག་བོད་འབངས་ཡོངས་ཀྱིས་སྙིང་ནས་དྲན།།

ཞེས་པ་འདིར། གཞན་ཡལ་བར་དོར་ནས་རང་ཉིད་གཅེས་པར་འཛིན་པའི་གཅེས་འཛིན་གྱི་བློ་ངན་དེ་བཅོམ་པར་མཛད་ཅིང་། རྒྱལ་ཁབ་ཕན་ཚུན་དང་། མི་རིགས་ཕན་ཚུན་དེ་བཞིན་ཆོས་ལུགས་ཕན་ཚུན་བར་འཚེ་བའི་བསམ་བློ་ཡེ་ནས་མེད་ཅིང་ཞི་བར་གྱུར་ཅིང་ཞི་བར་བྱེད་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་ཡིད་བཞིན་ནོར་བུ་མཆོག་མགོན་སྐྱབས་མེད་པའི་ཉམ་ཐག་བོད་འབངས་ང་ཚོའི་སྙིང་གི་དབུས་ནས་དུས་རྟག་ཏུ་དྲན་ཞེས་པའོ།།

འདིར་གོང་ས་མཆོག་བརྗོད་གཞིར་བཟུང་ནས་དྲན་ཚུལ་བརྗོད་པ་ཡིན་ཞིང་། དེ་ཡང་གོང་ས་མཆོག་དང་མི་མཐུན་པའི་སྐྱོན་གྱི་ཆ་ཤས་རང་གཅེས་འཛིན་དང་། འཚེ་བའི་བསམ་བློ་སོགས་དངོས་སུ་བསལ་ནས་བརྗོད་གཞི་གཙོ་བོ་གོང་ས་མཆོག་དེ་ནིད་དྲན་ཚུལ་བརྗོད་པས་ནས་འདིའི་རིགས་ལ་སྐྱོན་ཆ་དངོས་སུ་བསལ་བའི་དྲན་གླུ་ཞེས་བྱའོ།།

འདིར་བཀོད་པའི་དྲན་གླུ་འབྲི་ཚུལ་འདི་རྣམས་ནི་བསྟོད་པའི་ཕྱོགས་གཙོ་བོ་ཡིན་གྱི། སྨད་པའི་ཕྱོགས་སུ་བཟུང་ནས་འབྲི་ན་ཡང་འབྲི་ཚུལ་མི་འདྲ་བ་བ་དུ་མ་ཡོད་ཅིང་། སློབ་དཔོན་དབྱུག་པ་ཅན་གྱིས་སྙན་ངག་མེ་ལོང་མ་ལས། དེ་ནི་ད་ལྟའང་རྣམ་རྟོག་སྟེ།།
དེ་དག་མ་ལུས་སུས་འཆད་ནུས།།

ཞེས་གསུངས་པ་ལྟར་འདིར་བཀོད་པ་རྣམས་ནི་མཚོན་པ་ཙམ་ལས་དྲན་གླུ་འབྲི་སྟངས་འདིར་མ་འདུས་པ་ནི་དེ་བས་མངས་པས་སྐབས་གཞན་དང་གཞན་ལའང་རིགས་འགྲེས་ནས་འབྲི་ཚུལ་ཤེས་དགོས་པ་ཡིན།

ཚིག་སྦྱོར་ཆ་ཤས་ཡོངས་སུ་རྫོགས་པ་ཡི།།
སྔོན་མེད་གསར་བྱུང་ཟླ་བའི་འོད་རླབས་ཀྱིས།།
གཟུར་གནས་བློ་གསལ་གཞོན་ནུའི་རྒྱ་མཚོ་ཆེ།།
བློ་གྲོས་མཐའ་རྒྱ་བསྐྱེད་པའི་རྒྱུ་རུ་བསྔོ།།

ངེས་མེད་སྲང་ལམ་ཉུལ་བའི་སྨྱོན་ཕྲུག་གིས།།
དོན་མེད་འཆལ་གཏམ་བསམ་ནས་འདོར་མ་གནང་།།
སྙན་ངག་སྨྲ་བའི་སྒོ་རུ་འཇུག་པ་ལ།།
རིག་རྩལ་འཕྲུལ་གྱི་ལྡེ་མིག་འདི་ན་མཆིས།།


༢༠༠༤། ༡༡། ༥། འཛིན་རིམ་དགུ་པ་དང་རང་ལོ་བཅོ་བརྒྱད་ལ་བྲིས་ཤིང་། ད་བར་ངའི་ཤོག་ཉོག་གསེབ་ཏུ་ལུས།