Wednesday, August 28, 2013

དྲན་གླུ་ཁ་ཤས་ཕྱོགས་གཅིག་ཏུ་བསྡེབས་པ།


ཤར་གངས་རི་མ།
                        ༸རྒྱལ་བ་དགེ་འདུན་གྲུབ་པ་མཆོག 
   ན་མོ་གུ་རུ།   
ཤར་གངས་རི་དཀར་པོའི་རྩེ་མོ་ན།   
སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ།   
དེ་མཐོང་བའི་མོད་ལ་བླ་མ་དྲན།  
དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ།   

སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན།  
འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར།   
མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ།   
ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས།   

ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས།  
ཆོས་ཟབ་ལ་ཤིན་ཏུ་རྒྱས་པར་གསུངས།   
བོད་ཁ་བ་ཅན་གྱི་སྐལ་ལྡན་ལ།   
མགོན་ཁྱོད་ཀྱི་བཀའ་དྲིན་བསམ་མི་ཁྱབ།  

སྒོས་སྙོམས་ལས་འཛིན་པའི་དགེ་འདུན་གྲུབ།   
བློ་ཅུང་ཆོས་ལ་ཕྱོགས་པ་འདི།   
རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཡིན།  
དྲིན་ཆེན་བར་ངེས་སོ་ཡབ་སྲས་རྣམས། 

དུས་འདི་ནས་བྱང་ཆུབ་སྙིང་པོའི་བར།  
རྗེ་ཡབ་སྲས་ཁྱེད་རྣམས་མ་གཏོགས་པར།   
སྐྱབས་རེ་ས་གཞན་དུ་མི་འཚོལ་བས།  
ཐུགས་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ། 

དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང་།   
སེམས་ཆགས་སྡང་དབང་དུ་མ་སོང་བར།   
མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ།   
དུས་ནམ་ཡང་བརྩོན་པ་འགྱིད་པར་སྨོན།   

ལར་ད་ལྟ་གངས་རིའི་ཁྲོད་འདི་ན།  
རང་བསྟན་པ་འཛིན་པར་མཁས་ལེན་ཞིང་།   
གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།  
ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།   

གཞན་ཕུང་བར་འདོད་པའི་ཀུན་སློང་དང་།   
རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང་།   
ལམ་མཐོན་པོར་གནས་པའི་མཁས་ལེན་བྱེད།  
འདི་བརྟག་ན་ཀུན་གྱིས་ཁྲེལ་བའི་རྒྱུ།   

ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས།  
ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ།   
རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན།   
གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།   

དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར།   
གཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང་།  
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།   
གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།  

དོན་དེ་ལྟར་གོ་བའི་བཤེས་གཉེན་རྣམས།   
སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་བསམ།  
སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོང་།  
དགྲ་ནང་ན་འདུག་པའི་ཉོན་མོངས་འདུལ།  

མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས།   
ཡིད་ཕྱོགས་སུ་ལྷུང་བས་མི་འཆིང་བར།   
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས།  
ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས།  


གཏམ་འདི་ལ་བརྟེན་ནས་འགྲོ་བ་རྣམས།   
བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་།  
དབྱིངས་སྤྲོས་བྲལ་རྟོགས་པའི་ལྟ་བ་ཡིས།   
དཔལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག   

སྐུ་ལ་མཚན་དཔེའི་དཔལ་འབར་ཞིང་།   
གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན།   
ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར།   
དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག་

ཅེས་པ་འདི་ནི་ཐམས་ཅད་མཁྱེན་པ་ཆེན་པོ་དགེ་འདུན་གྲུབ་པ་དཔལ་བཟང་པོས་གདུངས་དབྱངས་སུ་མཛད་པའོ།



༅༅།། དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ།

ཤེལ་དཀར་གླིང་པས་བརྩམས།

(མཆན། ཕྲན་རང་བོད་ནང་ཡོད་སྐབས་སློབ་དེབ་སོགས་སུ་ལྷ་ས་དྲན་གླུ་བཀོད་པ་རྣམས་ཀྱི་ཚིག་རིས་བློ་ལ་ཡོད་པ་དང་། ཕྱིས་རྒྱ་གར་ལ་སླེབས་རྗེས་མཐོང་བའི་ལྷ་ས་དྲན་གླུའི་ཚིག་རིས་ལ་ཁྱད་པར་ཡོད་པ་མཐོང་བར་བརྟེན། གཤམ་དུ་བཀོད་པའི་ལྷ་ས་དྲན་གླུ་ནི། ལོ་ངོ་གཉིས་ཙམ་རིང་མ་དཔེ་མང་པོ་བཙལ་མཐར་གཙོ་བོ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པའི་ཚགས་པར་དུ་བཀོད་པའི་ལྷ་ས་དྲན་གླུ་དང་། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་པའི་ལག་བྲིས་ཕྱག་དཔེ་“རབ་བྱུང་ ༡༥ ལྕགས་ཁྱི། ཕྱི་ལོ་ ༡༩༡༠ ྋགོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་འཕགས་ཡུལ་རྡོ་རྗེ་གླིང་དུ་བཞུགས་སྐབས་ས་དབང་ཤེལ་གླིང་མཆོག་ནས་ལྷ་སའི་གནས་ལུགས་བཀའ་རྩོམ་གནང་བའི་ངོ་བཤུས་དགེ་”ཞེས་པ། དེ་བཞིན་ཧྥ་རན་སི་ནས་ཐོབ་པའི་དཔེ་ཆ་“དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ་ནོར་བུའི་དོ་ཤལ་”ཞེས་པ་རྣམས་གཤིབས་བསྡུར་བྱས་ཏེ་བཀོད་པ་ཡིན་པས། ད་ཕན་ཐོན་པའི་ལྷ་ས་དྲན་གླུ་ཡོངས་ཀྱི་ནང་ནས་འདི་ཉིད་ཆ་ཚང་ཤོས་དང་ཅུང་ཟད་དག་པ་བྱུང་ཡོད་པའི་སྤོབས་པ་ཡོད། ཆུང་ཚེ་རིང་གིས།)

གང་གང་རྐྱེན་ལས་གྲུབ་པའི་དངོས་མ་ལུས།།
དེ་དེ་རང་བཞིན་ཉིད་ཀྱིས་སྟོང་གྱུར་ཀྱང༌།།
བདེན་བདེན་རྒྱུ་འབྲས་སྟོན་པའི་རྗེ་བླ་མ།།
མཁྱེན་མཁྱེན་ཉམས་ཆུང་བདག་ལ་ཐུགས་རྗེས་གཟིགས།།

ཤེས་ཤེས་ཐོབ་ཐོབ་ཅང་མེད་འབྲོག་འཐོམས་ངས།།
རྡོག་རྡོག་དོན་སྙིང་ལྷ་ས་དྲན་དྲག་ནས།།
ཐོལ་ཐོལ་གང་ཤར་བྲིས་པའི་བླུན་གཏམ་ཞིག །
ཤོད་ཤོད་གཏོང་བས་གྲོགས་དག་ཚུར་གསན་དང༌།།

ཁྲུང་ཁྲུང་ངང་པ་མང་པོ་རྩེ་དགའི་གནས།།
ཆིལ་ཆིལ་རླབས་ཀྱི་ཕྲེང་བ་མཁའ་ལ་འཕྱོ།།
ལྷུང་ལྷུང་སྒྲོག་པའི་ཆུ་ཆེན་སྐྱིད་ཆུ་ནི།།
དལ་དལ་གཡས་སུ་འཁོར་བའི་ལྷ་ས་དྲན།།

གཤོངས་གཤོངས་ས་གཞི་ཡངས་ཤིང་འཁོད་སྙོམས་པར།།
ལྗང་ལྗང་རྩྭ་དང་ཤིང་ནགས་ཕྲེང་བས་སྤྲས།།
འཚེར་འཚེར་ཉི་ཟླའི་བྱོན་ལམ་བདེ་བ་དང༌།།
སྣུམ་སྣུམ་བཀྲག་མདངས་ལྡན་པའི་ལྷ་ས་དྲན།།

མུན་མུན་སྨུག་པ་སངས་པའི་དུས་མེད་པ།།
ཛུབ་ཛུབ་ཐིབ་པ་འདི་འདྲ་མ་ཡིན་པར།།
བསིལ་བསིལ་དགུན་དུས་དྲོ་ལ་དབྱར་གྲང་ཞིང༌།།
མཆོར་མཆོར་རྒྱན་ཆས་སྤུད་པའི་ལྷ་ས་དྲན།།

ཐེར་ཐེར་ས་ལ་པད་མ་འདབ་བརྒྱད་དང༌།།
ཡོར་ཡོར་རིའི་ལོགས་བཀྲ་ཤིས་རྟགས་བརྒྱད་ཚང༌།།
ཟླུམ་ཟླུམ་འཁོར་ལོའི་དབྱིབས་འདྲ་ནམ་མཁའ་སོགས།།
མཚར་མཚར་ས་བཀྲ་ཤིས་པའི་ལྷ་ས་དྲན།།

ལོང་ལོང་ཁྲོམ་མང་ཚོགས་པའི་དོ་ར་ན།།
ལྡེམ་ལྡེམ་གཟུགས་ཀྱི་རྣམ་འགྱུར་སྟོང་སྤྲོ་ཞིང༌།།
མཛེས་མཛེས་མ་ལུས་བསྡུས་པའི་ཡིད་འོང་མ།།
འཛུམ་འཛུམ་བཞིན་རས་ངོམས་པའི་ལྷ་ས་དྲན།།

བར་བར་རྣམ་སྲས་མཛོད་ལ་འགྲན་ནུས་པའི།།
ལེགས་ལེགས་དངོས་པོའི་འབྱོར་ཚོགས་དཔག་མེད་ཀྱིས།།
འཛག་འཛག་གཏམས་པའི་ཚོང་ཁང་བལྟ་བའི་ཞོར།།
ཡང་ཡང་བར་སྐོར་འཁོར་བའི་ལྷ་ས་དྲན།།

བྲེལ་བྲེལ་ཚུབ་ཚུབ་འདི་འདྲ་མ་ཡིན་པར།།
ལྷོད་ལྷོད་མི་རྣམས་ངང་རྒྱུད་ཆེས་རིང་ཞིང༌།།
མུར་མུར་ཁ་ཟས་བཟའ་ཞིང་དྲང་པོའི་ལས།།
བརྟན་བརྟན་ཏིག་ཏིག་བྱེད་པའི་ལྷ་ས་དྲན།།

ལྷུག་ལྷུག་གྲོལ་བའི་མེ་ཏོག་བཞད་དབུས་སུ།།
དགའ་དགའ་སྐྱིད་སྐྱིད་གཏོང་དུ་གླིང་ཁར་ཕྱིན།།
ཙེའི་ཙེའི་འུའུ་འུའུ་འབའ་ཆ་ཧོར་གླིང་དང༌།།
ཨིའི་ཨིའི་འབི་ཤུའི་སྒྲ་ལྡན་ལྷ་ས་དྲན།།

ཞིམ་ཞིམ་རྒྱ་ཟས་བསྒྲིགས་པའི་གསོལ་སྒྲའོ་ནི།།
གཟེངས་གཟེངས་བཏེགས་ནས་སྐུ་མདུན་དུ་ཕུལ་རྗེས།།
གང་གང་བཟའ་བར་འདོད་པ་དེ་བླངས་ནས།།
ཧྲུག་ཧྲུག་སྒྲ་བཅས་གསོལ་བའི་ལྷ་ས་དྲན།། 
སྙིང་སྙིང་མེ་ཏོག་ལྷ་མཛེས་ཁྲུང་ཞུ་མས།།
ཟིམ་ཟིམ་མིག་གིས་ཟུར་མདའ་འཕེན་བཞིན་པར།།
བཞེས་བཞེས་མཆོད་མཆོད་སྨྲ་ཞིང་ཆང་རག་ནི།།
ཡང་ཡང་གུས་པས་འདྲེན་པའི་ལྷ་ས་དྲན།།

ཧོ་ཧོ་ཆོས་ལྡན་རྒྱལ་ཁབ་མངའ་ཐང་ནི།།
སྔོན་སྔོན་ནམ་མཁའི་ཁམས་ཀུན་ཁེངས་འདྲ་བ།།
རྩི་རྩི་འཁུམ་འཁུམ་མེད་པར་སྦྱིན་གནས་ལ།།
མཆོད་མཆོད་སྦྱིན་སྦྱིན་འགྱེད་གནས་ལྷ་ས་དྲན།།

འཇོལ་འཇོལ་ཟ་འོག་གིས་བཀླུབས་དཔོན་རིགས་རྣམས།།
ཞིབ་ཞིབ་མོལ་མོལ་བློ་གྲོས་ལེགས་བསྡུར་ནས།།
འཁྱུག་འཁྱུག་ཡི་གེ་འབྲི་སོགས་བསྟན་སྲིད་དོན།།
འཕྲལ་འཕྲལ་ལེགས་པར་སྒྲུབ་པའི་ལྷ་ས་དྲན།།

ཚ་ཚ་འཇམ་འཇམ་ཟུང་འབྲེལ་རྒྱལ་ཁྲིམས་ནི།།
འཁྱོག་འཁྱོག་མེད་པ་ཚངས་པའི་ཐིག་ཤིང་འདྲ།།
གཡས་གཡས་གཡོན་གཡོན་ཁག་དཀྲི་མི་མཛད་པར།།
རང་རང་བྱེད་ལུགས་རྗེས་འགྲོ་ལྷ་ས་དྲན།།

ཆབ་ཆབ་ཕོར་ཤུབས་སྟོང་སྐུད་ཕོད་ཛར་དང༌།།
འཐིབ་འཐིབ་སོག་ཞྭའི་འཇའ་ལ་འགྲན་པ་ལ།།
ཕྲུལ་ཕྲུག་སོག་བྱིལ་འཕྱ་བས་དགོད་པ་འདྲའི།།
བསིར་བསིར་སྒེར་གཡོག་ཚོགས་ཡུལ་ལྷ་ས་དྲན།།

སྙན་སྙན་འགྱུར་ཁུག་སྟོང་ལྡན་གླུ་གཞས་སོགས།།
ཀྱུར་ཀྱུར་སྐད་ཀྱིས་བདག་ཡིད་བརྟན་པ་འཕྲོགས།།
འཇམ་འཇམ་ལག་པ་རེག་པས་བདེ་སྟེར་བ།།
གཞོན་གཞོན་བུ་མོའི་འདུ་གནས་ལྷ་ས་དྲན།།

སྐབས་སྐབས་འཆམ་དང་ལྷ་མོ་ལ་སོགས་པ།།
ལིང་ལིང་གར་གྱི་ཉམས་འགྱུར་ལྟད་མོའི་ཚོགས།།
རེ་རེ་ལ་ཡང་མིག་ཁྲག་ཀུན་ལུག་པའི།།
དུས་དུས་མཆོད་མཆོད་མང་པོའི་ལྷ་ས་དྲན།།

ཁུག་ཁུག་ཀྱོག་ཀྱོག་འགྲོ་ལམ་གང་ཡོད་དུ།།
ངན་ངན་ཞ་ལོང་རྒན་བྱིས་སྤྲང་པོ་ཡང༌།།
མངར་མངར་སྐྱུར་སྐྱུར་ཆང་གིས་རབ་མྱོས་ཏེ།།
འཁྱོར་འཁྱོར་འགྲོ་ཞིང་ཉལ་བའི་ལྷ་ས་དྲན།།

ཕ་ཕ་ད་དུང་གསོན་དང་ཞུ་རྒྱུ་འདུག །
གཅེས་གཅེས་ལུས་འདི་འཚོ་བྱེད་ལྷ་རྗེ་དང༌།།
དུང་དུང་བརྩེ་བ་ལྡན་པའི་མཛའ་གྲོགས་དང༌།།
བྱམས་བྱམས་ཕ་མའི་བསྟི་གནས་ལྷ་ས་དྲན།།

གསལ་གསལ་མར་མེ་ལ་སོགས་མཆོད་ཚོགས་དབུས།།
བརྗིད་བརྗིད་མཚན་དཔེའི་དཔལ་འབར་ཇོ་ཤཀ་གཉིས།།
གུས་གུས་མཆོད་མཇལ་ཞུ་གྲོགས་དང་བཅས་ཏེ།།
ཤོབ་ཤོབ་སྨོན་ལམ་འདེབས་གནས་ལྷ་ས་དྲན།།

ལ་ལ་དཔལ་ལྷ་ཞི་དྲག་བསྟི་གནས་སུ།།
ཀི་ཀི་སྭོ་སྭོའི་ང་ངོས་རི་རབ་ཀྱང༌།།
བེར་བེར་གཡོ་བའི་སྐད་དང་དར་འཕྱར་ཞིང༌།།
འཕྱུར་འཕྱུར་བསང་དུད་གཏོང་བའི་ལྷ་ས་དྲན།།

ཡོད་ཡོད་ལྟོས་ཤིག་གྲུ་འཛིན་གཞལ་མེད་ཁང༌།།
མེར་མེར་རྟེན་གྱིས་ཁེངས་པ་མཇལ་མ་ཐག །
ཧྲིག་ཧྲིག་མིག་ནས་དད་པའི་མཆི་མ་ནི།།
ཉིལ་ཉིལ་དབང་མེད་འབབ་པའི་ལྷ་ས་དྲན།།

ཆེ་ཆེ་བཟང་བཟང་བླ་མ་ཁྲིར་བཞུགས་ནས།།
ཟབ་ཟབ་ཐེག་ཆེན་ཆོས་ཆར་འབབ་པའི་ཚེ།།
མང་མང་སྐྱེ་བོས་ལག་པད་བཟུང་བཞིན་པར།།
སིམ་སིམ་ཉན་པའི་ཆོས་རྭ་ལྷ་ས་དྲན།།

པ་པ་ཨ་མ་རྒན་པོ་མང་པོ་ཞིག །
འདར་འདར་རྐང་པས་ལུས་པོ་ཐེག་དཀའ་རུང༌།།
སྒུར་སྒུར་ཕྱག་དང་སྐོར་བས་གླིང་སྐོར་ལམ།།
རོང་རོང་བསྐྱོད་པས་ཡོངས་ཁེངས་ལྷ་ས་དྲན།།

འཛྷིམ་འཛྷིམ་རྔ་སྦུག་དཀྲོལ་བའི་ཨ་མཆོད་རྣམས།།
འཐུལ་འཐུལ་མེ་ཏོག་འབྲུ་སྣ་འཐོར་བ་དང༌།།
ཧུཾ་ཧུཾ་ཕཊ་ཕཊ་སྔགས་སྒྲས་འདྲེ་རྒོད་དཔུང༌།།
འཁུམ་འཁུམ་རྒྱང་རིང་སྐྲོད་པའི་ལྷ་ས་དྲན།།

ཧྲིལ་ཧྲིལ་མ་ཎི་ཁྲི་བསྐོར་ཆེ་ཆུང་རྣམས།།
ཐིང་ཐིང་དྲིལ་བུའི་སྐད་ཀྱིས་འགྲོ་དོན་ལ།།
བྱོན་བྱོན་ཞེས་པ་སྨྲ་བས་བསྐུལ་བ་བཞིན།།
འཁྱིར་འཁྱིར་བསྐོར་མི་མང་བའི་ལྷ་ས་དྲན།།

དད་དད་འཕགས་ནོར་ལྡན་པའི་སེར་སྐྱ་འགའ།།
ཞོར་ཞོར་འཁྱམས་རའི་སྒོ་མཆོར་ལ་སོགས་སུ།།
ལེབ་ལེབ་རྡོ་དང་པང་གཅལ་ཕྱག་གདན་སྟེང༌།།
ཤུར་ཤུར་རྐྱང་ཕྱག་གསོག་པའི་ལྷ་ས་དྲན།།

ཕྱོགས་ཕྱོགས་ཀུན་ནས་མཆོད་སྦྱིན་སྤེལ་བའི་ཕྱིར།།
རུབ་རུབ་འདུས་པའི་སྐྱེ་བོའི་བསོད་ནམས་མཚོ།།
འཁྱོམ་འཁྱོམ་བགྱིས་ཀྱང་འཐོར་བར་མི་འགྱུར་བར།།
འཁྱིལ་འཁྱིལ་གཅིག་ཏུ་འཁྱིལ་བའི་ལྷ་ས་དྲན།།

གཅིག་གཅིག་བསྐལ་བར་བརྙེད་དཀའི་དལ་འབྱོར་རྟེན།།
ཡུད་ཡུད་ཚེ་ནི་མི་བརྟན་འགྱུར་བ་དང༌།།
སྡུག་སྡུག་ངན་འགྲོའི་དུ་ཁ་བསམ་བཞིན་དུ།།
ལེགས་ལེགས་ཐར་པ་སྒྲུབ་གནས་ལྷ་ས་དྲན།།

ཟེར་ཟེར་ཙམ་མིན་བླ་མ་མཁའ་འགྲོའི་ཚོགས།།
ཕུང་ཕུང་སྤྲིན་ཚོགས་འཐིབས་ལྟར་ཡུར་དེར་བཞུགས།།
ཆུང་ཆུང་བདག་དང་བདག་འདྲའང་ཐར་ལམ་དུ།།
ཤར་ཤར་དཀྲི་བར་མཛད་པའི་ལྷ་ས་དྲན།།

དཀར་དཀར་ལྷག་བསམ་ལྡན་རྣམས་རང་ཁྱིམ་ནས།།
འཁོན་འཁོན་ཐོགས་ཐོགས་མེད་པར་རབ་ཏུ་བྱུང༌།།
ནག་ནག་སྐྲ་བཅད་ལུས་ལ་ངུར་སྨྲིག་གོས།།
དམར་དམར་སེར་སེར་གྱོན་གནས་ལྷ་ས་དྲན།།

ཐོས་ཐོས་ཆོས་ཀྱི་དོན་ལ་བསམ་བསམ་ནས།།
སེར་སེར་དགེ་བཤེས་ཚོགས་དབུས་རྩོད་པའི་ཚེ།།
ཐག་ཐག་ཕྱག་གི་སྒྲ་བཅས་ཐེ་ཚོམ་ཀུན།།
བསང་བསང་སེལ་བའི་ཆོས་ར་ལྷ་ས་དྲན།།

མཁས་མཁས་ལྡན་གྲོལ་གཉིས་ལྡན་དགེ་འདུན་རྣམས།།
འགྲིག་འགྲིག་གྲལ་ལ་འཁོད་ནས་དབྱངས་གཅིག་གི།།
འུར་འུར་ཆོས་སྒྲ་སྒྲོག་པ་ཐོས་པས་ཀྱང༌།།
འཇིག་འཇིག་ངན་འགྲོར་མི་ལྟུང་ལྷ་ས་དྲན།།

འགྲམ་འགྲམ་རི་ཁྲོད་དབེན་ཞིང་ཉམས་དགའ་བར།།
དཀྲོང་དཀྲོང་ལུས་གནས་བསྲངས་པའི་སྒོམ་ཆེན་འགའ།།
བྱིང་བྱིང་འཐིབ་རྨུག་ཁྲོ་རྒོད་སྐྱོན་མེད་པར།།
ཆམ་ཆམ་མཉམ་པར་འཇོག་པའི་ལྷ་ས་དྲན།།

ཟིར་ཟིར་འདུ་འཛི་འདོད་ཡོན་རྒྱ་ཆེ་བས།།
ཞོར་ཞོར་ཙམ་ལས་ལྷ་ཆོས་མ་ཁོམ་ཀྱང༌།།
ཏུར་ཏུར་ངེས་འབྱུང་སྐྱོ་ཤས་སྙིང་རྗེ་སོགས།།
ངམ་ངམ་ཤུགས་ཀྱིས་བསྐྱེད་པའི་ལྷ་ས་དྲན།།

འོལ་འོལ་སྣང་བ་རྣམ་རྟོག་མ་ལུས་དང༌།།
བུན་བུན་ཉམས་ཀྱི་བྱེ་བྲག་མཐའ་ཡས་པ།།
རྗེན་རྗེན་རིག་སྟོང་ཆོས་ཉིད་ཀློང་ཆེན་པོར།།
སིབ་སིབ་རང་སར་གྲོལ་བའི་ལྷ་ས་དྲན།།

ང་ང་བདག་བདག་ཟེར་བའི་གཉིས་འཛིན་ནི།།
ལྡན་ལྡན་འཛིན་མེད་དབྱིངས་སུ་བག་ལ་ཞ།།
ཝལ་ཝལ་སྣང་ཞིང་སྟོང་པའི་གཟུགས་སྣང་དང་།།
ལྷང་ལྷང་གྲགས་སྟོང་སྒྲ་སྒྲོག་ལྷ་ས་དྲན།།

ཐོམ་ཐོམ་ཁྱིམ་བྱ་བདག་ཀྱང་གོ་གནས་ཁྲི།།
མཐོ་མཐོའི་སྟེང་དུ་དོན་གཉིས་སྒྲོ་གཤོག་ཟུང༌།།
ལྷབ་ལྷབ་གཡོ་ཞིང་མགྲིན་པ་གཟེངས་བསྟོད་ནས།།
འཛེར་འཛེར་སྒྲ་སྐད་སྒྲོག་གནས་ལྷ་ས་དྲན།།

སྐྱིད་སྐྱིད་དགེ་བཅུ་ཚང་བའི་ཡུལ་ཕྱོགས་དེ།།
རྨོངས་རྨོངས་བདག་གི་སྐྱེ་ཡུལ་མ་ཡིན་ཡང༌།།
སྔར་སྔར་བསགས་པའི་ལས་ཀྱིས་དེར་འཕངས་པས།།
ལམ་ལམ་ཡིད་ལ་དབུས་ལྗོངས་ལྷ་ས་དྲན།།

དེ་དེའི་ལྷ་སའི་གནས་ལུགས་བསམ་བཞིན་དུ།།
ཅེར་ཅེར་མིག་གིས་ཕྱོགས་དེའི་ནམ་མཁའ་ལ།།
ཧྲིག་ཧྲིག་བལྟ་ཞིང་མགྲིན་པའི་ཀན་སྦུག་ནས།།
ཏོག་ཏོག་སྒྲ་ཡང་འབྱིན་པའི་ཚུལ་འདིར་གཟིགས།།

རེད་རེད་འོན་ཀྱང་ལྷ་གཅིག་སྤྱན་རས་གཟིགས།།
དེང་དེང་འདི་ན་བཞུགས་པས་ལྷ་ས་ཡང༌།།
ཅང་ཅང་ཞིག་ལས་མེད་པར་ཐག་ཆོད་པས།།
ཀྱེ་ཀྱེ་གྲོགས་དག་འདི་གར་བློ་གཏད་བྱོས།།

ངར་ངར་རྒྱ་མིའི་དམག་གིས་མཐའ་ནས་བསྐོར།།
ཤོག་ཤོག་རྒྱུགས་རྒྱུག་ཁྲལ་གྱིས་ལུས་སེམས་མནར།།
ལབ་ལབ་ཚིག་གི་མཐོ་དམར་སྲོག་འདོར་བས།།
ད་ལྟ་ལྷ་ལྡན་ཡུལ་ལའང་ཞེན་ཆགས་ཆུང༌།།

ཐུང་ཐུང་ཚེ་མཇུག་འདི་ལ་འཁོར་བའི་ལས།།
ཅམ་ཅམ་རང་སར་བསྐྱུར་ནས་དབེན་གནས་སུ།།
ཟིམ་ཟིམ་མིག་གིས་ཞི་བའི་ལྟ་སྟངས་བཅས།།
འཕྱལ་འཕྱལ་ལྷུང་བའི་ཉམས་ལེན་སྐྱོང་བ་དང༌།།

རིང་རིང་སྐལ་པར་ཡང་ཡང་ལུས་སྦྱིན་པའི།།
མ་མ་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན།།
ལྷག་ལྷག་ཤུལ་ཤུལ་མེད་པར་དག་ཞིང་དུ།།
མྱུར་མྱུར་འདྲེན་པའི་བྱེད་པོར་བདག་གྱུར་ཅིག །

དེ་དེའི་གྲོང་ཚིག་སྨྲ་བའི་ཕ་རྒན་བདག །
སྦྱངས་སྦྱངས་སྦྱང་འབྲས་སྐྱེས་སྟོབས་གཉིས་ཀ་མེད།།
ཚོད་ཚོད་ཚོད་ལ་བྲིས་པ་འདིར་གཟིགས་དང༌།།
ཧེ་ཧེ་བཞད་མོ་ཤོར་པོ་ཁ་ཤས་ཡོད།།

ཆུང་གྲོགས་རྗེས་དྲན།

དགེ་འདུན་ཆོས་འཕེལ་གྱི་བརྩེ་དུང་།

མི་སོ་སོའི་བསམ་བློ་མི་འདྲ་བ་དང་སྣང་ཚུལ་མི་གཅིག་པ་དེ་འདྲ་ཡིན་དུས་ཀུན་གྱི་སེམས་ལ་འཐད་ལྡན་དུ་ཁས་ལེན་པའི་བྱ་དངོས་ཤིག་འཇོག་རྒྱུ་ཁག་པོ་རེད། ཕྱི་ལོ་ 1902 དང་བོད་རབ་བྱུང  15  བའི་ཆུ་སྟག་ལོར་ཨ་མདོ་རེབ་གོང་ཞོ་འཕོང་དུ་སྐུ་འཁྲུངས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ་འམ་ཆུང་གྲོགས་རྗེས་དྲན་ནི་རྩོམ་པ་པོ་རང་ཉིད་ཆེས་དགའ་ས་དང་དུང་སའི་སྙིང་གི་དུམ་བུ་དེ་མུན་ནག་ཕྱི་མའི་ཡུལ་དུ་སོང་རྗེས།  རང་ཉིད་དེ་དང་འཕྲད་ཐབས་མེད་པ་ཤེས་ནས་སྙན་ངག་ལ་གསང་གཏམ་བཤད་དགོས་བྱུང་༑   མཁས་དབང་དགེ་ཆོས་ལགས་ལ་མཚོན་ན་ནང་ཆོས་ལ་ཚད་མཐོན་པོ་ཅན་གྱི་མི་ཞིག་ཏུ་བརྩིས་ན་ཆོག་ལ་མ་བརྩིས་ནའང་འགྲིག་གི་རེད།    དེ་ནི་མི་སོ་སོའི་ལྟ་ཚུལ་དང་སྣང་ཚུལ་ཙམ་ལས་གནད་ལ་ཁེལ་ཡོད་མེད་ནི་མཁས་དབང་རང་་ཉིད་སེམས་ནས་གསལ་གྱི་ང་ཚོས་ཁ་ཚོད་གཅོད་དཀའ་བ་ཞིག་ཡིན།     ཆུང་གྲོགས་རྗེས་དྲན་རྩོམ་པའི་སྐབས་དེར་ཁོང་གི་སེམས་ལ་སྔར་ན་མེད་པའི་ཚོར་བ་ཤུགས་དྲག་དང་སྐྱོ་བ་བླ་ལྷག་ཅིག་ཡོད་སྟབས་སྙན་ངག་འདི་ཡང་འབུར་དུ་ཐོན་པ་ཞིག་རེད།  མཁས་དབང་དགེ་ཆོས་སང་གི་ཚོར་བའི་ཟབ་ཚད་ལ་གཅར་ཏེ་བཤད་ན་རང་ཉིད་ཀྱི་ཆེས་སེམས་ཀྱི་ཉེ་ས་ན་ཡོད་པའི་མི་ཞིག་ངམ་ནག་ཕྱི་མའི་འཕྲང་རིང་དུ་བུད་སོང་བས་གནས་ཚུལ་དེའི་འོག་ཡང་ཡང་བསམ་དགོས་པའི་སྣང་བ་ཞིག་དང་ཡང་ཡང་དྲན་དྲགས་པའི་སྐྱོ་བ་ཟབ་མོ་ཡིས་བཀའ་དྲིན་ལ་བརྟེན་ནས་ད་བཟོད་སྙན་ངག་འདིའི་སྒྲོམ་གཞི་ཆ་ཚང་བ་ཞིག་གྲུབ་པ་རེད༑      ཁོང་གི་ལྗགས་རྩོམ་དེ་དག་རྟགས་སུ་བཀོད་ནས་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ནི་ནང་ཆོས་ལ་ཞིབ་འཇུག་དང་བརྟག་དཔྱད་བྱས་པའི་མི་ཞིག་ཡིན་པར་མ་ཟད་སངས་རྒྱས་བཅོམ་ལྡན་འདས་ལ་ཧ་ཅང་གི་ཡིད་ཆེས་ཡོད་པའི་མི་ཞིག་ཡིན་པ་གསལ་བོ་ཤེས་ཐུབ་པ་དེ་འདྲ་རེད།    ཁོས་སེམས་ཧ་ཅང་སྐྱོ་བ་དང་དགའ་བའི་སྐབས་དེར་ཁོ་རང་ཉིད་ཀྱི་སྐྱིད་ན་སྐྱིད་གྲོགས་དང་སྡུག་ན་སྡུག་གྲོགས།  

ཡང་ན་སྐྱིད་ན་སྐྱིད་གཏམ་བཤད་ས་དང་སྡུག་ན་སྡུག་གཏམ་གླེང་ས་ནི་སློབ་དཔོན་དན་ཌི་  འདི་རྩིས་འཕྲུལ་གྱི་ནང་དུ་མ་ཡོང་ཐལ།  ལགས་ཀྱིས་གསར་གཏོད་བྱས་པའི་སྙན་ངག་དེ་ཚོ་དང་བོད་ལ་སྔར་ནས་ཡོད་པའི་དམངས་སྲོལ་གྱི་ཚིགས་སྦྱོར་ཕུན་སུམ་ཚོགས་པ་དང་ཁོང་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་སྙན་ངག་ཕུན་སུམ་ཚོགས་པ་དེ་ཚོ་ཡིན་པ་གསལ་བོར་ཤེས་ཐུབ་པ་ཞིག་རེད་ལཱ།  དེ་འདྲ་ཡིན་དུས་སྤྱིར་བཏང་གི་མི་ཞིག་གིས་ཆུང་གྲོགས་རྗེས་དྲན་འདི་ལྟ་བུའི་སྙན་ངག་གསོན་ཉམས་ཅན་ཞིག་བཟོ་བསྐྲུན་བྱེད་དགོས་ན་མི་ལོ་བདུན་གྱི་ཡིན་ལ་སྙན་ངག་དང་ཁ་འབྲལ་ཐབས་ཡོད་རྒྱུ་མ་རེད།  སྤྱིར་བཏང་ཡིན་ན་མཁས་དབང་དགེ་ཆོས་ལགས་ཀྱི་ལྗགས་རྩོམ་དེ་དག་ནི་ཆེས་རིན་ཐང་བྲལ་བའི་གསུངས་རྩོམ་འབའ་ཞིག་ཡིན་པར་ཡིད་ཆེས་བྱེད་ན་ཆོག་པ་ཞིག་རེད་དེ་ལྷག་དོན་ཁོང་གི་གསུངས་རྩོམ་བདུན་བཅུ་དོན་བརྒྱད་ཀྱི་ནང་ནས་ཆེས་ཕུལ་དུ་བྱུང་བ་ནི་སྙན་རྩོམ་ཐུང་ཐུང་དེ་དག་རེད།  དཔེར་ཆ་བཞག་ན  །“འདོད་པའི་བསྟན་བཅོས”ལས་ཆེས་ཕུལ་དུ་བྱུང་ཞིང་སྲིད་ན་དཀོན་པའི་སྙན་རྩོམ་མང་པོ་ཞིག་དང “སྔོན་ཚེ་ཀེེ་ལ་ཤ” ཡིས་སྙན་རྩོམ།  “ བཙོན་ནས་ཧོར་ཁང་ལ་གནང་བའི་མགུར” “མི་རྟག་དྲན་མགུར” དང “ སྙིང་པོའི་ལྷ་ཆོས་བྱེད་པར་གདམས་པ ”“ ཆུང་གྲོགས་རྗེས་དྲན”  དང་དེབ་དཀར། གཏམ་རྒྱུད་གསེར་ཐང་སོགས་ན་སྙན་རྩོམ་ཐར་ཐོར་ཡོད་པ་ནི་བོད་ཀྱི་རིག་གནས་པ་དག་ཛམྦུ་གླིང་འདིར་ཅི་ཙམ་གནས་པ་དེ་སྲིད་དུ་བརྗེད་མི་ཤེས་པ་དེ་འདྲ་རེད།  “ཆུང་གྲོགས་རྗེས་དྲན”  གྱི་སྙན་རྩོམ་འདི་རྩོམ་པའི་དུས་ཡུན་ནི་རང་ལོ་ 40ཡར་མར་རེད་སྙམ་ལ་དེའི་སྐབས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང་བོད་ཀྱི་སྐུ་དྲག་དག་གིས་དགེ་འདུན་ཆོས་འཕེལ་ལ་ལྟ་ཚུལ་དང་དམར་ཕྱོགས་སམ་ལྟ་ལོག་པའི་གྲས་སུ་བསྙོན་འཛུག་པ་དང་ཐ་ན་ཆོས་ལུགས་པའི་ནང་ནས་ཀྱང་མུ་སྟེགས་པ་ཡིན་སྣང་ཤར་བའི་ཚད་ཙམ་དུ་སླེབ་ཡོད་པའི་སྐབས་ཤིག་རེད།   

དེ་ལྟ་བུའི་སྐྱོ་བ་ཤུགས་དྲགས་ལ་རྒྱུན་རིང་བའི་གནས་སྐབས་ཤིག་ན་རང་ཉིད་ལ་ཆེས་དགའ་ཞིང་དུང་བའི་ཆུང་ཆུང་སྙིང་གི་གྲོགས་མོ་དེ་མི་འདོད་གཤིན་རྗེའི་ཞག་པས་ཟིན་པ་དེ་ཐོས་ནས་རང་དབང་མེད་པར་སྙན་ངག་ཐུང་ཐུང་ཞིག་གི་མགོ་བརྩམ་དགོས་བྱུང་། སྤྱིར་བཏང་ཁོང་ལ་ཐུན་མོང་མ་ཡིན་པའི་རྣམ་སྤྱོད་དང་གཞན་དང་མི་མཚུངས་པའི་འབད་བརྩོན་ཡོད་སྟབས་མི་ཡུལ་ན་དཀོན་པའི་ཤེས་རིག་ངོ་མཚར་བ་མང་པོ་ཤེས་རྟོགས་བྱུང་ཡོད་ཚོད་རེད། ཡང་སྙིང་སྙན་ངག་འབྲི་ཚུལ་ཐུན་མོང་མ་ཡིན་པ་ནི་ཉན་ན་གོ་བདེ་ཞིང་མྱང་ན་བྲོ་བ་ཡོད་པ་བཟུང་ན་འཛིན་སླ་བའི་སྙན་ངག་དེ་ཚོ་ངོ་མ་ཁྱད་པར་བ་ཞིག་གི་སྣང་བ་སྟེར་གྱི་འདུག དེ་ལྟར་མཁས་དབང་དགེ་འདུན་ཆོས་འཕེལ་ལ་དགའ་ཞེན་ཆེ་བའི་མི་རྣམས་ཀྱིས་འུད་བསྟོད་ཀྱང་ཇེ་མང་ནས་ཇེ་མང་རེད།     དེང་སང་གི་སྙན་ངག་པ་ཡིན་པར་རློམ་པའི་འཇུ་སྐལ་ལྟ་བུ་ལ་མཚོན་ན་རང་ཉིད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་ན་ཐང་། རེད་དེ་མཁས་དབང་དགེ་ཆོས་ལྟ་བུའི་སྙན་ངག་དང་སྡུར་ན་ཚིག་སྐམ་རྐྱང་བ་ཞིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག  མི་ཞིག་གི་བསམ་བློ་དང་འདུ་ཤེས་ཚོར་བ་ཡོད་ཚད་སྙན་ངག་ཐར་ཐོར་དང་བགྲོ་གླེང་ཚོམ་ཚོམ་ཙམ་གྱིས་མཚོན་མི་ཐུབ་ནའང་ཆེས་ཚོར་བ་ཟབ་པའི་སྐབས་དེའི་སེམས་ཀྱི་འཆར་སོ་དང་བརྒྱུད་རིམ།  ལངས་ཕྱོགས།  ལྟ་སྟངས། གནད་འགག་སོགས་ཡོད་པའི་སྐབས་དེར་རྩོམ་པ་པོའི་ནང་སེམས་ཀྱི་ཚོར་བ་ངོ་མ་དང་བདེན་དོན་དག་མ་དེ་མཐོང་ཐུབ་པའི་རེ་བ་ཡང་མཆིས་སྲིད།  མཁས་དབང་དགེ་ཆོས་རང་ཉིད་ལ་ཆེས་དགའ་བའི་མི་ཞིག་གིས་འཆི་ཁར་ཡང་ཕ་མ་དང་གཉེན་ཉེ།   དཔལ་འབྱོར་དང་འཆི་བའི་འཇིགས་སྐྲག་ཐམས་ཅད་རྒྱབ་ཏུ་བསྐྱུར་ཏེ་དགེ་འདུན་ཆོས་འཕེལ་གཅིག་པུ་ལ་འཁྲེང་ནས་མིག་ཀྱང་བཙུམ་མ་ཐུབ་པར་ཆུང་གྲོགས་དགེ་འདུན་ཆོས་འཕེལ་ལས་གཞན་སེམས་ལ་གང་ཡང་འཆར་རྒྱུ་མེད་པ་དང་དྲན་རྒྱུ་མེད་པ་དེ་འདྲ་ཡིན་ནའང་འཆི་བདག་ཞགས་པ་ནག་པོ་ཡིས་སྙིང་རྗེ་མེད་པར་གདུག་རྩུབ་དང་བཅས་ཏེ་གཤིན་ཡུལ་དུ་འགྲོ་རྒྱུ་ཡིན་པ་ཧ་གོ་བཞིན་དུ་ཤི་མིག་གསོན་ལ་བལྟ་ས་ནི་ཆུང་གྲོགས་དགེ་ཆོས་ལགས་ཡིན་པ་ཁོ་མོས་འཆི་ཁར་ཡང་གསལ་བོ་བཤད་ཡོད། དགེ་འདུན་ཆོས་འཕེལ་ལགས་ཀྱིས་རང་ཉིད་ལ་བརྩེ་འདང་ཆེས་ཟབ་མོ་བཅངས་ཡོད་པའི་ཆུང་གྲོགས་དེ་དང་ཁ་འབྲལ་བའི་གནས་ཚུལ་ཁྱད་པར་བ་དེ་ལྟ་བུ་ཞིག་གི་སྐུལ་སློང་དང་གཞན་གྱིས་བཤད་པའི་ཆུང་གྲོགས་གི་སྐད་ཆ་དེ་ཚོ་ཡིད་ལ་དྲན་ན་ངོ་མ་རང་དབང་མེད་པར་སྐྱོ་བ་དང་གདུང་བ་མཉམ་སྐྱེས་དྲན་པ་དང་རེ་བ་ལྷན་འཛོམས་ཀྱིས་རང་ཉིད་དང་ཁ་འབྲལ་ཐབས་མེད་པའི་ཆུང་གྲོགས་ལ་རྗེས་དྲན་གྱི་སྙན་རྩོམ་ཞིག་སྙུག་རྩེ་ནས་ལུད་དགོས་བྱུང་།   མཁས་དབང་ཁོང་ནི་མི་ཚེ་ཤེས་རིག་ལ་བསྐྱལ་ཞིང་རིན་ཐང་དྲང་བདེན་ལ་འཁུམས་པའི་བསམ་བློ་བ་ཞིག་དང་མཐོན་པོའི་ངོ་སྲུང་བོར་ཞིང་དམའ་མོའི་ཉྭ་གདོང་མི་བསམ་པར་གཙོ་བོ་རྒྱུ་མཚན་དང་གནས་ལུགས་ཁོ་ན་ལ་གདེང་འཇོག་དང་ཡིད་ཆེས་བྱེད་པའི་རང་གཤིས་མཁྲེགས་མོ་དེ་བསྒྱུར་མི་ཐུབ་པའི་སློང་མོ་བ་ཞིག་ཡིན་རུང་རང་ཉིད་ཆུང་དུས་ཀྱི་གྲོགས་མོ་དང་ཁ་བྲལ་བའི་སྐབས་དེར་ཡང་རྒྱུ་མཚན་མང་པོ་ཞིག་དང་བསམ་གཞིགས་སྣ་ཚོགས་ཤིག་བཏང་ནས་ད་བཟོད་སྙན་ངག་གི་སྒྲོམ་གཞི་ཆ་ཚང་བ་འདི་ལྟ་བུ་ཞིག་ཡིད་ལ་འཆར་བ་རེད་སྙམ་མོ།།
                1
སྲིད་པའི་འབྱོར་བ་ལ་ཁའི་ན་བུན།།
འདུས་པའི་སྙིང་གྲོགས་ཚོང་འདུས་མགྲོན་པོ།།“དུས”
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ།།
བསམ་ཞིང་བསམ་ན་སྙིང་བོ་མི་འདུག།

དགེ་ཆོས་ལགས་ཀྱི་དེའི་སྐབས་ཀྱི་ཚོར་བ་ནི་ཆེས་སྐྱོ་བ་ཤུགས་དྲགས་པའི་གནས་བབ་ ཅིག་ཡིན་པ་དང་ཆུང་གྲོགས་དང་སླར་འཕྲད་ཐབས་མེད་པའི་གནས་ལུགས་དེ་ཚོ་ཡིད་ལ་འཆར་ན་ངོ་མ་སྲིད་པའི་འབྱོར་བ་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་རྟག་པ་དང་བརྟན་པ་མ་ཡིན་པར་ལ་ཁའི་ན་བུན་གྱི་གཟུགས་སུ་བཀོད་ནས་སོ་སྐྱེས་ཀྱིས་མཐོང་མ་ཐག་ཡོད་སྣང་ཤར་ཀྱང་རིག་མ་ཐག་ཡལ་འགྲོ་བའི་རྒྱུ་མཚན་དང་དེ་བཞིན་དུ་འདུས་པའི་སྙིང་གྲོགས་ཏེ་ཆུང་གྲོགས་སམ་ནང་བཅུད་ཀྱི་སེམས་ཅན་འདི་ཚོ་རང་རང་སོ་སོའི་ལས་དོན་བསྒྲུབ་པའི་ཚོང་འདུས་མགྲོན་པོ་ཞིག་དང་འདྲ་བར་བསྡུས་པའི་གཟུགས་ཅན་བྱས་ཤིང་ནམ་ཐོན་ལ་ངེས་པ་མེད་པའི་མི་ཚེའི་སྐྱིད་སྡུག་ཟེར་བ་འདི་ཚོ་ངོ་མ་མདང་དགོང་རྨིས་པའི་རྨི་ལམ་ཞིག་དང་ཆ་ཀུན་ནས་མཚུངས་པ་དེར་བསམ་ཞིང་།བསམ་བློ་དེའི་སྟེང་ནས་བསམ་གཞིག་བཏང་ན་ངོ་མ་འཇིག་རྟེན་འདིའི་ཕུན་ཚོགས་ལ་གཅར་ཞིང་མྱང་བ་ན་མཐའ་མ་རང་ཉིད་སྡུག་བསྔལ་ལ་སྦྱོར་བ་ལས་སྙིང་པོ་གང་ཡང་མི་འདུག་སྙམ་ཡོད།  ཅེས་ཐག་གཅོད་ཀྱི་སྐད་ཆ་རྫིག་པོ་འདི་ཡང་ལབ་དགོས་བྱུང་།    ཤོ་ལོ་ཀ་འདིའི་ཚིག་གི་སྦྱོར་སྟངས་དང་དཔེ་འཇོག་ཚོའི་སྙན་ངག་གི་གསོན་ཉམས་ནི་ངོ་མ་ཡིད་དབང་འཕྲོག་པ་ཞིག་རེད་ཅེས་བརྗོད་ན་མི་ཆོག་པ་མེད་ལ་གཙོ་བོ་ནང་སེམས་ཀྱི་སྐད་ཆ་འདིས་ཁོའི་བསམ་བློའི་གྲུབ་སྟངས་ངོ་མ་དེ་བསླང་ལ་འབུད་མ་ཐུབ་པར་སྤྱིའི་འཆར་སྣང་གལ་ཆེན་དང་ནང་རིག་པའི་སློབ་གསོ་ཟབ་རྒྱས་དེ་ཚོ་ཤུགས་ཆེ་རུ་སོང་ནས་གཏམ་གྱི་མགོ་ཡང་དེ་ནས་བཟུང་།   ད་དུང་འདིས་རང་ཉིད་སེམས་གསོ་རེད་ཅེས་བརྗོད་ན་མི་ཆོག་པ་མེད་ལ་ལྟ་བ་བཀར་བཏགས་བཞིའི་ཁྱབ་ཁོངས་སུ་རང་ཉིད་ཀྱི་མི་ཚེ་སྤྱི་སྡོམ་ཞིག་བྱས་ཞེས་བརྗོད་ནའང་མི་འཐད་པ་མེད་དོ།།   རྒྱུ་མཚན་ནི་ཁོང་རྒྱ་གར་ནས་ཕྱིར་ཕེབས་པའི་རྗེས་སུ་སྙན་ངག་འདི་བྲིས་ལ་སྐབས་དེར་ཁོང་གི་སེམས་ཁམས་ནི་ངོ་མ་བློས་མི་ཐོང་བའི་ཞྭ་མོ་ནག་པོ་ཞིག་དང་གཉིས་སུ་མ་མཆིས་སོ།།
                  2
རྒྱུས་མེད་གཤིན་རྗེའི་ཕོ་ཉས་ཁྲིད་ནས།།
ཕྱི་མའི་འཕྲང་རིང་འགྲིམ་པའི་གྲོགས་ལ།།
སྐྱབས་ཀྱི་དམ་པ་རྩ་གསུམ་ལྷ་ཡིས།།
ཐུགས་རྗེ་སྤྱན་གྱི་སྐྱེལ་མ་མཛོད་ཅིག།“ཅན”

ཚིག་བཞི་འདིས་ནི་རང་ཉིད་སྟོན་པ་ཐུགས་རྗེ་ཅན་ལ་ཡིད་ཆེས་ཡོད་པ་ར་སྤྲོད་དང་རང་གི་ཆུང་གྲོགས་དེ་ཡང་མི་ནག་ཕྱི་མའི་ཡུལ་དུ་སོང་རྗེས་སྙན་རྩོམ་འདི་བྲིས་པ་གསལ་བོར་ཤེས་ཐུབ།   ཁོང་གི་ཐུན་མོང་མ་ཡིན་པའི་བྱ་སྤྱོད་དང་གཅར་ཏེ་བཤད་ན་ངོ་མ་ཉོག་འཛིངས་ཅན་གྱི་མཚོན་བྱར་བཞག་ན་མི་ཆོག་པ་མེད་པའི་ལས་ཤིག་རེད་མོད།   འོན་ཀྱང་།  ཆུང་གྲོགས་རྗེས་དྲན་རྩོམ་པ་པོ་དམར་ཕྱོགས་དང་ལྟ་ལོག་པའི་གྲས་སུ་འཇོག་པ་ནི་ཏག་ཏག་ཝ་མགྱོགས་པ་ཁྱིས་མ་དོས་པའི་གཏམ་དཔེ་དེ་འདི་ནས་དངོས་སུ་མགོ་བརྩམས་པ་འདྲའོ།།
                3
སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད།།
བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས།།
མི་བཟློག་གཤིན་རྗེ་རྒྱལ་པོའི་བཀའ་ཡིག།
ཉམས་ཆུང་གྲོགས་ཀྱི་སྟེང་དུ་བསླེབས་སོང་།།
    
ཡར་ནང་ཆོས་ཀྱི་གནས་ལུགས་ཟབ་མོ་དེ་ཚོའི་གཏན་ཚིག་དང་མར་འཁོར་བ་ལ་དུད་པའི་འགྲོ་བ་དག་གི་ཉམས་མྱོང་ལ་གཞིགས་ཏེ་དགེ་ཆོས་ལགས་ཀྱིས་ཚིག་སྦྱོར་སྙན་ངག་ཡིན་ལ་སྙིང་དོན་གནས་ལུགས་ཡིན་པའི་སྡོམ་ཚིག་ཐུང་ཐུང་ཞིག་ཀྱང་བཀོད་ཡོད་པ་འདྲ།  ད་དུང་ཁོང་གི་སེམས་ལ་ཆུང་གྲོགས་འདི་གསོན་པའི་རེ་བ་ཨེ་ཡོད་སྙམ་པའི་དྲན་གདུང་ལྗིད་ཏིག་གེ་བ་ཞིག་དང་འཆི་བའི་ཁྲལ་ལསའདི་ཡང་བཟློག་ཐབས་ཡོད་ན་སྙམ་པའི་བློ་ཧྲིང་ངེ་བ་ཞིག་ངམ་ངམ་ཤུགས་ཀྱིས་འཆར་ཡོད་པའང་ཤེས་ཐུབ།   ནང་ཆོས་ལ་ཡིད་ཆེས་ཡོད་མེད་ནི་དཔྱད་རིན་མེད་པ་ཞིག་སྟེ་ཨུ་ཚུགས་ལ་གྲོགས་སྒྲིག་པ་མ་གཏོགས་གཟུར་གནས་ཀྱི་ཤེས་རིག་པ་དག་གིས་ཐེ་ཚོམ་ཙམ་ཡང་ཟ་མི་སྲིད་དོ།།   དེའི་ཕྱིར་འོག་ནས་དགེ་འདུན་ཆོས་འཕེལ་ནང་ཆོས་ལ་དད་མཁན་ཡིན་མིན་དང་ནང་བ་སངས་་ཛརྒྱས་པ་ཡིན་མིན་ནི་རང་ཉིད་ངལ་བ་འབྲས་མེད་ཙམ་ལས་དགོས་པའི་དོན་རྡུལ་ཙམ་ཡང་མེད་པས་དཔྱད་པར་མི་འདོད་དོ།།
4
སྔོན་སྨོན་ལས་ཀྱི་ཆར་ཟིམ་བབས་ཚེ།།
ཡོད་ཡོད་འདྲ་བའི་དགུང་གི་འཇའ་ཚོན།།
དུང་སེམས་ཉི་མས་གསལ་དུ་སོང་ཚེ།།
མི་མཐོང་ནམ་མཁའི་དབྱིངས་སུ་ཡལ་སོང་།།

ན་གཞོན་ཆུང་ཆུང་ཡིན་དུས་ཀྱི་བརྩེ་ལྡན་གྲོགས་མོ་དེ་དང་རང་ཉིད་ཀྱི་སྔོན་ལས་ཁྲ་མོའམ་སྐྱེ་བ་སྔོན་གྱི་སྨོན་ལམ་དེ་ནི་ཆར་བ་ཟམ་ཟིམ་དུ་བབས་པའི་གཟུགས་སུ་བཀོད་ནས་དེར་ཡོད་སྣང་ཤར་བའི་འཇའ་ཚོན་དེ་ཉི་མས་གསལ་བོར་བྱས་མ་ཐག་གཏད་སོ་མེད་པར་ནམ་མཁའི་དབྱིངས་སུ་ཡལ་འགྲོ་བས་སྙན་ངག་གི་གསོན་ཉམས་རང་བཞིན་དང་བདེན་དོན་རང་བཞིན་དེ་ཡང་མ་ཉམ་པའི་ཐོག་ནས་ཆུང་གྲོགས་དེ་ཡང་ཕྱིར་དྲན་མི་བྱེད་ཐབས་མེད་བྱུང་།  སྔོན་ལས་ཀྱིས་འཕྲད་པ་ཙམ་མ་ཡིན་པར་གཅིག་སེམས་གཅིག་ལ་ཆགས་ཀྱང་གཅིག་ལུས་གཅིག་ལ་ཐིམ་པར་འོས་པ།  ངོ་མ་མཛའ་ཞིང་མཐུན་པར་འགྲོག་པའི་སྐབས་ཤིག་ལ་འབྲལ་བ་དེ་ནི་སྐད་ཅིག་ཐེངས་གཅིག་ཙམ་གྱིས་དུས་ཡུན་མ་གཏོགས་མེད་སྣང་ཤར་ཡོད།   འདིས་ནི་ཆུང་གྲོགས་ཕན་ཚུན་བར་ལ་གཞན་དང་མི་འདྲ་བའི་བརྩེ་སེམས་དང་གཅིག་དང་མི་མཚུངས་བའི་དུང་སེམས་ཡོད་པ་གསལ་བོར་མཚོན་ཐུབ་ལ་ཕན་ཚུན་ལ་དགའ་ཞིང་ཕན་ཚུན་ལ་དུང་བའི་དུས་སུ་ཆུ་ཚོད་ནི་ཆུ་ཚོད་མ་ཡིན་པར་ནམ་ཐོན་ཧ་མི་གོ་བའི་སྐར་ཆ་དང་འདྲ།     དེས་ན་དགེ་ཆོས་ལགས་ཀྱིས་ཆུང་གྲོགས་དང་མཉམ་དུ་འགྲོགས་པའི་དུས་ཚོད་ནི་ཆེས་ཐུང་བ་དང་རང་ཉིད་དེ་དང་ལྷན་འཛོམས་ཀྱི་རེ་བའང་ཆེས་རིང་བའི་རྟག་འཛིན་གྱི་འབྲེལ་འདྲིས་རླབས་ཆེན་དེ་ཇེ་ཟབ་ཏུ་མི་བཏང་ག་མེད་བྱུང་།  ཆུང་གྲོགས་དང་ཁ་བྲལ་སོང་བ་ཤེས་བཞིན་དུ་སྔོན་གྱི་བག་ཆགས་རྣམས་ཡིད་ལ་འཆར་ཚེ་ལྷན་དུ་འཛོམ་ཡོད་ན་སྙམ་པའི་དྲན་གདུང་གསོན་པོ་ཞིག་ལྷག་ཡོད་པ་ནི་ཚིག་བཞི་འདིའི་བརྗོད་དོན་གཙོ་བོ་རེད།
                 5
ན་གཞོན་ལང་ཚོའི་མེ་ཏོག་རྒྱས་དུས།།
ཡིད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི།།
འདྲིས་འདྲིས་ཆུང་གྲོགས་སེམས་ཀྱི་འཚེར་ཡ།།
ད་ལྟ་རིགས་དྲུག་གང་དུ་ཡོད་ན།།

ཤོ་ལོ་ཀ་འདིས་ནི་ཕྱོགས་མི་འདྲ་བའི་རྣམ་པ་གཉིས་མཚོན་ཡོད།   གཅིག  དགེ་འདུན་ཆོས་འཕེལ་ནི་གྲོགས་ལ་གསར་འགྲོགས་མི་ཆེ་བར་མ་ཟད་ཕྱི་ཐག་རིང་བའི་བསམ་བློ་བ་ཞིག  གཉིས།  འུད་བསྟོད་དང་སྐྱག་རྫུན་མི་བྱེད་ནས་མི་ཚད་བདེན་དོན་ལ་ཧེབ་ལང་བའི་རང་གཤིས་ཅན་ཞིག་ཡིན་པའང་གསལ་བོར་མཚོན་ཡོད།ལྷག་དོན་“སེམས་ཀྱི་འཚེར་ཡ”ཞེས་པའི་ཚིག་འདིས་ནི་ནང་གི་དུང་སེམས་གཙང་མ་དེ་མཚོན་ཡོད་ལ་ཚིག་གི་བྲོ་བའང་དངོས་སུ་མྱོང་ཐུབ།  སྙན་ངག་ལ་ཐད་ཀར་རོལ་མྱོང་ཐུབ་པའི་སྙན་ངག་པ་དེ་ཚོས་སེམས་ཀྱི་འཚེར་ཡ་ཞེས་པའི་ཚིག་འདི་ཐོས་མ་ཐག་ཁྱདཔར་བའི་སྣང་བ་ཕྲ་རགས་མང་པོ་ཞིག་སྦྱིན་ཐུབ་པའི་ཚོར་བ་ལ་ཡང་ཡིད་ཆེས་བརྟན་པོ་ཡོད།
6
སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོ།།
ཞག་གསུམ་འཛོམས་པ་འགྲོགས་པའི་ཐ་མ།།
མི་རིང་འཕྲད་པའི་ཁ་ཆད་བྱས་པ།།
རྨི་ལམ་ངང་ནས་མཇལ་དུ་བསླེབས་སོང་།།

ཁོང་གི་ཆུང་གྲོགས་དེ་ནི་སྐྱེས་པ་ཞིག་མ་ཡིན་པར་བུད་མེད་ཞིག་ཡིན་པ་གསལ་བོར་ཤེས་ཏེ་འཕྲད་པའི་དུས་ནི་ཉིན་ཞག་གཉིས་སུ་ཕྱེ་བའི་ཞག་ཡིན་པའི་ཕྱིར། ཞག་གསུམ་ལ་འཛོམས་ཀྱང་ད་དུང་ཡིད་མ་ཚིམ་པར་སང་དགོང་ཡང་ཐུག་འཕྲད་བྱེད་དགོས་པའི་རེ་བ་དང་འཕྲད་པ་དེ་ཡང་མི་འགྱིང་བར་མྱུར་དུ་ཤོག་ཅེས་ཁ་ཆད་བྱས་པ་དེས་ལྷག་དོན་དགའ་གྲོགས་ཤིག་ཡིན་པ་རྟོགས་ཐུབ།  འགའ་རེས་བཤད་ན་ཆུང་གྲོགས་དེ་ནི་དབུལ་བོ་ཞིག་མིན་ན་མི་སེར་དཀྱུས་མ་ཞིག་ཡིན་ཏེ་ཕོ་བྲང་ཞིག་གི་ནང་ནས་མ་འཕྲད་པར་གྲོག་ཆུ་ཕྲ་མོ་ཞིག་གི་ཁ་ནས་འཛོམས་སོང་ཟེར་བའི་སྐད་ཆའང་ཐོས་མྱོང་མོད་དེ་ཙམ་གྱིས་ངེས་པ་མེད་དེ་དགེ་འདུན་ཆོས་འཕེལ་ནི་ཆེས་ལྟ་ཚུལ་ཡོད་སའི་མི་ཞིག་རེད།  དེ་དང་འབྲེལ་འདྲིས་བྱེད་དགོས་ན་གང་ཡིན་ཡིན་དུ་འཕྲད་ན་ཉེན་ཁ་མེད་པའང་མིན་ལ་གྲོགས་མོ་དེ་ཡང་ཐོབ་ཐང་ཡོད་པའི་བུད་མེད་ཅིག་ཡིན་ན་གཞན་གྱི་གནས་ཚུལ་དེ་ཤེས་པར་དོགས་ནས་ལྷིང་འཇགས་ཀྱི་ས་ཆ་ཞིག་འདམས་པ་ཡིན་ན་མི་ཆོག་པ་མེད་དོ་སྙམ།
7
རྒན་གཞོན་བར་མའི་སྐྱེ་བོ་མཐའ་དག།
ངེས་མེད་འཆི་བའི་སྣང་ཚུལ་མཐོང་ཡང་།།
ཆུང་སྐྱེས་གྲོགས་ཀྱིས་བོར་བའི་ཕྱོགས་ལ།།
ནང་གི་དུང་སེམས་ཆོད་ཐབས་མི་འདུག།

སྐྱེ་བོ་མཐའ་དག་ནམ་འཆི་བ་ལ་ངེས་པ་མེད་པ་སོགས་རྒྱུ་མཚན་མང་པོ་མང་པོ་ཞིག་དང་གནས་ལུགས་མི་ཉུང་བ་ཞིག་ལ་བསམ་བློ་ཇི་ལྟར་བཏང་ཡང་ཆུང་ཆུང་བྱིས་པའི་དུས་ནས་ན་ཚོད་རྒྱས་ཤིང་མཉམ་དུ་སྐྱེས་པ་ལྟ་བུའི་དགའ་གྲོགས་འདང་ཆེན་དེ་ཤི་སོང་བའི་ཕྱོགས་ལ་བསམ་བློ་དབང་མེད་དུ་ཤོར་འགྲོ་བའམ་བཅོས་མིན་གྱི་དུང་སེམས་གཙང་མ་དེ་མོ་དང་ཁ་འབྲལ་ཐབས་མེད་པའི་བརྡ་རྟགས་དེས་ནི་ཁོས་སེམས་ལ་བག་ཆགས་གཏིང་ཟབ་པ་ཞིག་དང་དགའ་དྲགས་པའི་རྣམ་པ་ཞིག་ཀྱང་མངོན་གྱི་འདུག   དེ་མིན་ཁོ་ནི་བརྩེ་དུངས་ཅན་གྱི་མི་ཞིག་དང་ཁྲེལ་གཞུང་ཡོད་པའི་མི་ཞིག་རེད་ཅེས་བརྗོད་ནའང་འགྲིག་པ་ཞིག་རེད།
                8
ཤི་རྗེས་འགྱོད་པ་བླུན་པོའི་ངང་ཚུལ།།
ལུས་སེམས་རྒུད་པའི་རྒྱུ་ལས་མེད་ཀྱང་།།
ཡུན་རིང་འདྲིས་པའི་སེམས་ཀྱི་བག་ཆགས།།
གོམས་པའི་ཤུགས་འདི་བཟློག་ཐབས་མི་འདུག།

མི་ཞིག་འཆི་ལམ་དུ་ཞུགས་ཚར་རྗེས་ད་དུང་དེ་ལ་རེ་སྒུག་དང་ཤི་འགྱོད་སོགས་བྱས་ན་དེ་ནི་བླུན་པོ་རྣམས་གྱིས་འགྲོ་སྟངས་ཡིན་པ་ཧ་གོ་བཞིན་དུ་ཆུང་གྲོགས་དེའི་གཤིས་ཀ་དང་བརྩེ་འདང་ལ་བསམ་བློ་བཏང་ན་ཁོའི་ཡིད་ནི་ཆུང་གྲོགས་དང་འགྲོགས་ཏེ་མི་མངོན་ཕྱི་མའི་ཡུལ་དུ་བུད་སོང་བ་དང་གཉིས་སུ་མ་མཆིས།  རང་ཉིད་ཀྱིས་རང་ཉིད་ལ་སེམས་གསོ་དང་བསྡིགས་མོ་སྣ་ཚོགས་བྱས་ཀྱང་ཆུང་གྲོགས་དེ་བརྗེད་ཐབས་མེད་པ་དེས་ནི་དགེ་ཆོས་ལགས་ཀྱི་ཆེས་མཐུན་སའི་གྲོགས་མོ་ཁེ་རུ་མ་དེ་ཡིན་པ་ཤེས་ཐུབ།
                 9
ལུས་ཟུང་ཟད་ལ་ཀེང་རུས་གཟུགས་བརྙན།།
གསོན་དུ་རེ་བའི་ཁོ་ཐག་ཆད་དེ།།
འཆི་བའི་མིག་གིས་ཅེ་རེ་བལྟ་བའི།།
གཏམ་དེ་བདེན་ན་སྙིང་ལ་ཟན་པ།།

ཆུང་གྲོགས་བུད་མེད་དེ་འཆི་ཁར་མིག་ཀྱང་བཙུམ་མ་ཐུབ་པར་དགེ་ཆོས་ཀྱི་ཕྱོགས་སུ་ཅེ་རེ་བལྟས་པས་དགེ་ཆོས་ཁོ་མོ་ལ་དགའ་བ་ཙམ་མ་ཡིན་པར་ཁོ་མོའང་དགེ་ཆོས་དང་གཏན་དུ་འབྲལ་ཐབས་མེད་པ་ཤེས་ཐུབ། ཁོ་མོ་ཡང་ཡུན་རིང་བོར་ནད་ཀྱིས་བཟུང་སྟེ་ལུས་ཀྱི་ཆ་ཐམས་ཅད་བསྐམས་ཤིང་གསོན་ཐབས་མེད་པའི་སྐབས་ལ་ཐུག་ཀྱང་དགེ་ཆོས་ལགས་ཁོ་མོའི་ནད་གཞི་འདྲི་བར་མ་སོང་བལྟས་ན་མངོན་ནས་མོ་དང་ཐུག་འཕྲད་བྱུང་མི་ཉན་པ་དང་འབྲེལ་བ་ཁྱད་པར་བ་དེ་ནི་དེ་བས་ཀྱང་ཤེས་རྟོགས་བྱུང་མི་ཉན་པ་གསལ་བོར་ཤེས་ཐུབ།   དེ་འདྲ་རེད་མ་གཏོགས་དགེ་ཆོས་ཀྱིས་ཁོ་མོར་བཅིངས་བའི་དུང་སེམས་དེའི་དབང་དུ་བྱས་ན་ཁོ་མོར་ནད་བྱུང་བའི་གནས་ཚུལ་དེ་གོ་བ་ནས་བཟུང་དགེ་ཆོས་ཆུང་གྲོགས་དེའི་གྲིབ་མ་ཡིན་རྒྱུ་རེད། “གཏམ་དེ་བདེན་ན”  ཞེས་པའི་ན་སྒྲ་འདིས་ནི་དགེ་འདུན་ཆོས་འཕེལ་གང་ཡིན་ཡིན་གྱི་ཁར་རྒྱུག་མཁན་ཞིག་མ་ཡིན་པར་རང་ཉིད་ལ་བག་ཆགས་ཅི་འདྲའི་འཐུག་ཀྱང་དཔྱོད་ཤེས་དང་དགག་སྒྲུབ།དོགས་སློང་དང་བརྟག་དཔྱད་ཀྱི་བྱ་བ་བསྒྲུབས་མཁན་ཞིག་ཡིན་པ་དང་ཚིག་བསྡུས་ནས་བཤད་ན་དགེ་ཆོས་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་ཡིན་པར་ངེས་ཤེས་ཡག་པོ་ཞིག་ཀྱང་འཁྲུངས་རྒྱུ་ཡོད།
                10
མ་བརྟགས་སེམས་ཀྱི་འཆར་ཚུལ་ཞིག་ལ།།
ད་དུང་དྲུང་ན་ཡོད་ཡོད་འདྲ་བ།།
དྲན་པའི་གཞུ་མོ་ནང་དུ་བཀུག་ཚེ།།
སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག།

ཚིག་བཞི་འདི་ནི་ཆེས་གསོན་ཉམས་ཅན་གྱི་སྙན་ངག་འབུར་དུ་ཐོན་པ་ཞིག་སྟེ་ཤོ་ལོ་ཀ་བཅུ་གཅིག་པོའི་ནང་ནས་ཤོ་ལོ་ཀ་གཅིག་འདམ་དགོས་པའི་དབང་དུ་བཏང་ན་ཁྲི་བོད་ཁྲག་བདག་གིས་ནི་འདི་འདམས་པ་ཡིན་ནོ།།    དེའི་རྒྱུ་མཚན་གཙོ་བོ་ནི་སྙན་ངག་གི་བདེན་དོན་རང་བཞིན་མ་ཉམ་པའི་ཐོག་ནས་ཆུང་གྲོགས་དེ་ཁོང་རང་ཉིད་ཀྱི་དྲུང་ན་མེད་པ་ཤེས་བཞིན་དུ་མ་ཤེས་ཁ་བྱས་ནས་སྙན་ངག་གི་མཛེས་པ་འདོན་སྟངས་ཤིག་དང་ད་དུང་ཁོས་སེམས་ཁོང་སྟོང་བ་ཡིན་པས་རང་བཞིན་བརྗོད་པའི་རྒྱན་ཞིག་ཀྱང་མ་བརྗོད་པར་སྨྲས་པ་དང་གཉིས་སུ་མ་མཆིས་སོ།།   འདིའི་བསྟན་དོན་གཙོ་བོ་ནི་ཆུང་འདྲིས་ཀྱི་གྲོགས་མོ་དེ་དང་ཁོང་གཉིས་ཀྱི་སེམས་དང་སེམས་པ་འདྲིས་ནས་སོ་སོར་དབྱེ་རུ་མེད་པ་ཞིག་གི་ས་མཚམས་རེད་མོད།    གལ་ཏེ་ལུས་པོ་གཡར་མ་དེ་ཁ་ཁར་སོང་བའི་དབང་དུ་བཏང་རུང་རང་ཉིད་ཀྱི་སྙིང་ནི་སྙིང་གོ་མི་ཆོད་པས་ཤ་ཙམ་དང་སེམས་ནི་སེམས་ན་མེད་པས་ལུས་ཙམ་དེ་ཁོ་མོས་ཁྱེར་སོང་བའི་སྣང་བ་འང་ཤར་གྱི་འདུག  ཆུང་གྲོགས་    དྲན་པའི་དྲན་པ་དེ་ནང་དུ་བཀུག་ཚེ་ངོ་མ་ཁོག་སྟོད་སྟོང་བ་ཞིག་དང་སྙིང་ཁོང་སྟོང་བ་ཞིག་ལས་ཅི་ཡང་མཐོང་རྒྱུ་དང་རེག་རྒྱུ་མེད་དོ་ཞེས་རང་ཉིད་ལ་ངོས་ཟིན་ཟབ་མོ་ཞིག་ཀྱང་ཐོབ་ཡོད་པ་འདྲ།
                11
བརྩེ་ཞིང་འགྲོགས་པའི་ཕྱི་ཐག་བསམ་ཏེ།།
མཆོག་གསུམ་བསླུ་བ་མེད་པའི་ཞིང་དུ།།
དགེ་བའི་དངོས་པོ་ཅུང་ཟད་བསྒྲུབས་པ།།
ཕྱི་མའི་ཡུལ་དུ་གྲོགས་ལ་བསྤྲིངས་སོ།།

རྒྱུ་མཚན་ཡོད་པའི་སྒོ་ནས་གཏམ་སྨྲ་བ་ལ་ཁོང་སྤྲོ་བ་ཆེས་ཆེར་འཕེལ་བ་ཞིག་རེད་མ་གཏོགས་མི་དཀྱུས་ཞིག་ཡིན་ན་ཁོས་དགེ་བ་བསྒྲུབ་བསྒྲུབས་པོ་ཁྱོད་ལ་སྦྱིན་ཟེར་རྒྱུ་ལས་“བརྩེ་ཞིང་འགྲོགས་པའི་ཕྱི་ཐག་བསམ་ཏེ”ཞེས་བརྩེ་བ་དེ་བཀོལ་སྤྱོད་བྱས་ནས་ད་བཟོད་དགེ་བའི་དངོས་པོ་ཅུང་ཟད་བསྒྲུབས་པ་འདི་ཚེ་ཕྱི་མའི་ཡུལ་དུ་ཁྱོད་ལ་བསྲིངས་སོ་ཞེས་རྩོམ་ཚུལ་ལ་བལྟས་ན་ངོ་མ་མཁས་དབང་དགེ་ཆོས་ལགས་ནི་ཁ་ཞེ་གཉིས་མེད་ཀྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་མཚོན་པའི་བརྡ་རྟགས་དྲི་མ་མེད་པ་ཞིག་གོ། ད་དུང་ཕྱོགས་གཞན་ཞིག་ནས་དཔྱད་ན་ཁོང་གི་སྲིད་ན་དཀོན་པའི་གསུངས་རྩོམ་དེ་དག་མི་ཡུལ་དུ་ཞུགས་མ་ཐུབ་པའི་འགྱོད་གདུང་ཚད་མེད་པ་ཞིག་དང་སྦྱར་ནའང་མི་ཆོག་པ་མེད་དམ་སྙམ། དཔེར་ན།“འཛམ་གླིང་ཤེས་བྱ་ཉོས་པའི་དེབ”དང་“ ཕྱི་རོལ་བའི་གྲུབ་མཐའི་རྣམ་བཞག”  རྒྱས་པ་གཅིག  “སེམས་ཙམ་པའི་གྲུབ་མཐའི་རྣམ་བཞག”་ དེབ་ཆེ་བ་གཅིག་དང་  “ཤིན་ཏུ་སྨྲ་བའི་རིག་ལམ་” ངོ་མཚར་ཅན་ཤོག་སྡེབ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པ་སོགས་དེ་དག་མི་མངོན་ནམ་མཁའི་དབྱིངས་སུ་ཡལ་སོང་ན་དེའི་སྐྱོ་གདུང་ནི་ངོ་མ་བཟོད་ཐུབ་རྒྱུ་མ་རེད།    ད་ནི་ཆུ་ཚོད་ཀྱི་དབང་གིས་མཇུག་བསྡུ་བར་འདོད་མོད་དཔྱད་པ་གནད་དུ་ཟིན་ཡོད་མེད་ནི་ངོ་མ་ཤེས་རིག་པའི་སྡེ་ཁག་དག་གིས་ཁ་ནས་གྲགས་རྒྱུ་ལས་མི་རང་ཉིད་ཀྱིས་བདེན་དོན་ལ་རྒྱབ་འགལ་བྱེད་མ་ཕོད་པ་ཙམ་ལས་གསལ་བྱེད་གང་ཡང་མེད།།      ཆུང་གྲོགས་རྗེས་དྲན་ལ་ཕྲན་དཔྱད་འདི་ལྟ་བུ་ཞིག་འབྲི་དགོས་པའི་རྒྱུ་མཚན་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་འཁྲུངས་ནས་ལོ་འཁོར111ལོན་པའི་དྲན་རྟེན་དང་སྙན་ངག་ལ་ཐུགས་དགྱེས་པའི་སྟག་སུག་ནོར་བུ་ཚེ་རིང་ལགས་ཀྱིས་ལོ་ངོ་ཧྲིལ་བོ་གཉིས་ལ་བརྩེ་བས་བསྐྱངས་བས་བཀའ་དྲིན་མཚོན་པའི་རྣམ་འགྱུར་ཙམ་དུ་སྤྱི་ལོ 2012/ 10/ 5 ཁྲི་བོད་ཁྲག་གིས། 

རྩྭ་ཐང་དྲན་གླུ།

རྩོམ་པ་པོ། དཔལ་དོན་གྲུབ་རྒྱལ། རང་གྲོལ།

བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ས་ན་གནས་ཀྱང་། །
ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག །
མཛེས་སྡུག་ལྡན་པའི་ཕ་ཡུལ་རྩྭཐང་དེ་དྲན་དུས། །
བདག་གི་སེམས་ནི་རྟ་ཕོ་གཤོག་ཐོགས་དང་འདྲ་བྱུང་།

ད་ནི་མི་སྡོད་རང་གི་ཕ་ཡུལ་ལ་ཆས་འགྲོ། །
ཞིམ་མངར་ཅན་གྱི་ཆུ་མིག་དྭངས་མོ་དེ་དྲན་བྱུང་། །
བང་རྩལ་བསྐྱེད་དེ་མུ་མེད་རྩྭ་ཐང་ལ་ཆས་འགྲོ། །
འཚོ་བཅུད་ལྡན་པའི་རམ་དཀར་རྩྭ་མཆོག་དེ་དྲན་བྱུང་། །

ཞོགས་པའི་ཉི་བཞོན་མཐོན་མཐིང་མཁའ་དབྱིངས་སུ་འཆར་དུས། །
ཕྱོགས་བཞིའི་ལྷུན་པོ་གངས་དཀར་ཅོད་པན་གྱིས་མཛེས་ཤིང་། །
ཁོ་ར་ཁོ་ཡུག་ལྗོན་ཤིང་དོ་ཤལ་གྱིས་བརྒྱན་ནས། །
འཕྱོར་སྒེག་ལང་ཚོ་ངོམས་པའི་ཕ་ཡུལ་དེ་དྲན་བྱུང་། །

ཉི་རྩེ་ས་ལ་ཤར་བའི་སྔ་དྲོ་ཡི་དུས་སུ། །
བཅུ་དྲུག་ལང་ཚོས་སྙེམས་པའི་གེ་སར་གྱི་གཞོན་ནུ། །
དབུ་འཕང་དགུང་དང་མཉམ་པའི་རྟ་ཕོ་ལ་བཅིབས་ཏེ། །
སྒོ་ཕྱུགས་འཚོ་སྐྱོང་བྱེད་པའི་ངང་ཚུལ་དེ་དྲན་བྱུང་། །

དཀར་གསལ་ཟླ་འོད་འཕྲོ་བའི་མཚན་མོ་ཡི་དུས་སུ། །
གསེར་གྱི་བཞོ་ལུང་བཏགས་པའི་འཇོ་སྒེག་གི་བུ་མོས། །
དགོ་དགོ་གླུ་དབྱངས་ངག་གི་དབྱངས་རྟ་ལ་འགུགས་བཞིན། །
འབྲི་མོའི་འོ་མ་བཞོ་བའི་ངང་ཚུལ་ཡང་དྲན་བྱུང་། །

ཨེ་མ་དགུན་གསུམ་ཤ་མར་རྩམ་གསུམ་གྱིས་ཕྱུག་དུས། །
རི་ལུང་ཐང་གསུམ་དགའ་སྤྲོའི་སྣང་བ་ཡིས་ཁེངས་སོང་། །
གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་གྱི་དུས་སུ། །
གླུ་གར་གཞས་གསུམ་གཏོང་བའི་རྩེད་འཇོ་འདི་སྐྱིད་པ། །

དཔྱིད་གསུམ་སྦྲང་ཆར་འཛིན་མའི་ཁྱོན་ཡོངས་ལ་འཇོ་དུས། །
ཐོན་སྐྱེད་ལོ་མ་རྒྱས་པའི་རྩྭ་ཐང་འདི་མཛེས་པ། །
ཁུ་བྱུག་གསུང་སྙན་སྒྲོག་པའི་གླུ་དབྱངས་འདི་སྙན་པ། །
ནོར་ལུག་འཕེལ་ཀ་རྒྱས་པའི་ངང་ཚུལ་འདི་སྤྲོ་བ། །

དབྱར་གསུམ་ཉི་མ་ཤར་ཕྱོགས་རི་རྩེ་ནས་འཛུམ་དུས། །
རིག་གནས་མེ་ཏོག་བཞད་པའི་རྩྭ་ཐང་འདི་མཛེས་པ། །
སློབ་གསོའི་ལས་དོན་དར་བའི་འདབ་མ་འདི་རྒྱས་པ། །
ཚན་རིག་ལག་རྩལ་འཕེལ་བའི་ཟེའུ་འབྲུ་འདི་དགའ་བ། །

སྟོན་གསུམ་གཡུར་ཟ་ལྡེམ་པའི་འབྲས་ལྡན་གྱི་དུས་འདིར། །
ཅན་བཞིའི་ལྗོན་ཤིང་གྲུབ་འབྲས་ལོ་འདབ་ཀྱིས་བརྒྱན་ཞིང་། །
ཐོན་སྐྱེད་འབྲས་བུ་བཀླུབས་པའི་དགེ་འཚན་འདི་མཐོང་ནས། །
རྩྭ་ཐང་དྲན་པའི་གླུ་དབྱངས་དབང་མེད་དུ་ཤོར་སོང་། །

ད་ནི་བསམས་ཤིང་བསམས་ཤིང་ཕ་ཡུལ་དེ་དྲན་བྱུང་། །
ལོ་ཡི་དུས་འཁོར་སྐད་ཅིག་སྐད་ཅིག་ཏུ་འདས་ཀྱང་། །
རྒྱང་སྐྱོད་གླུ་སྒྲ་བདག་དང་ཇེ་ཉེ་དང་ཇེ་ཉེ། །
མ་འོངས་ཡུལ་ལྗོངས་བདག་གི་མཐོང་ལམ་དུ་ཤར་འོངས། །


གཞིས་ཕ་ཡུལ་དྲན་པའི་སྐྱོ་གླུ།
          སྡུག་ཨ་ཐང་ཆད་པའི་ངུ་ངག

          སྐྱིད་མི་རྟག་ལ་ཁའི་རྩྭ་རྩེ་ཡི་ཟིལ་པ།།
          སྡུག་སྣ་དགུ་རི་གསུམ་འདུས་མདོ་ཡི་མཚོ་མོ།།
          འདི་འཇིག་རྟེན་འཁོར་བའི་ཆོས་ཉིད་ཅིག་ལོས་ཡིན།།
          མི་བདག་གི་འབྲལ་མེད་ཁུར་ཆེ་ཞིག་རེད་འདུག།

          སྐྱིད་མདོ་ཁམས་ས་ཡི་ཐིག་ལེ་དེ་དོར་ཞིང༌།།
          དྲིན་ཕ་མ་སྤུན་མཆེད་རྒྱབ་ལོག་ཏུ་བཞག་ནས།།
          རི་སྒང་དྲུག་ཤོག་ལྷེ་བསྒྱུར་འདྲ་ཞིག་བྱས་ཏེ།།
          དབུས་ཉི་མ་ལྷ་སའི་ཁྲོམ་གཞུང་ལ་སླེབས་སོང༌།།

          ལྷ་ཇོ་ཤཀ་རྣམ་གཉིས་མཆོད་མཇལ་ཞིག་བྱས་ཏེ།།
          ཕྱོགས་རིས་མེད་དགོན་སྡེར་མཆོད་འབུལ་རེ་བྱས་ནས།།
          དགྲ་ཤ་བའི་བཙན་འོག་སྡོད་འདོད་དེ་མ་བྱུང༌།།
          འགྲམ་འགག་འཕྲང་དོག་པའི་འགག་སྒོ་ནས་མཆོང་ཡོང༌།།

          ཡུལ་ནཻ་པ་ལ་ཕྱོགས་གདོས་བཅས་ཀྱི་ལུས་འདི།།
          སྲོག་དམར་པོའི་ཨ་ཐང་མ་ཆད་ཙམ་སླེབས་སོང༌།།
          ཞིང་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་མཇལ་ནས།།
          ས་རྒྱ་གར་འཕགས་པའི་རྒྱལ་ཁབ་ལ་ཐོན་འོང༌།།

          མཐོང་མ་མྱོང་གྲགས་ཅན་རྒྱ་གར་གྱི་ལུང་པ།།
          ཞིང་དག་པ་ལྷ་ཡུལ་ཡིན་སྣང་ཞིག་ཤར་ཏེ།།
          ནམ་ཉིན་མཚན་ལྟོས་མོད་མགྱོགས་པ་རུ་སླེབས་ཀྱང༌།།
          དོན་དངོས་ལ་རྐང་གཉིས་མི་ཡུལ་ཞིག་རེད་འདུག།

          དགུང་ཨ་སྔོན་གནམ་ལ་རྒྱང་བལྟ་ཞིག་བྱས་པས།།
          ཚེས་བཅོ་ལྔའི་དུང་ཟླ་སྐར་ཚོགས་ཀྱིས་བསྐོར་འདུག།
          དྲིན་ཕ་མ་ཕྲུ་གུས་བསྐོར་བ་དེ་དྲན་ནས།།
          སྙིང་གསོན་པོ་འདབ་ཆགས་བུ་མོ་ལྟར་ལྡིང་སོང༌།།

          ནགས་རྒྱ་རྫོང་འཐུག་པའི་གཡུ་གོས་ཀྱི་གསེབ་ནས།།
          བྱ་ཁུ་བྱུག་སྔོན་མོའི་རྒྱང་གླུ་ཞིག་གོ་བྱང༌།།
          དྲིན་ཕ་མས་གནང་བའི་བསླབ་བྱ་དེ་དྲན་ནས།།
          སེམས་སྐྱ་མོ་རྒྱ་མཚོའི་རྦ་རླབས་ལྟར་འཁྲུག་སོང༌།།

         
          གཡུ་མ་རྒད་ཞུན་མའི་སྤང་གཤོང་གི་སྟེང་ན།།
          དགུང་སྐར་ཚོགས་འདྲ་བའི་མེ་ཏོག་ཅིག་ཁྲ་འདུག།
          སྐྱིད་ཕ་ཡུལ་ལུང་པའི་ཡུལ་ལྗོངས་དེ་དྲན་ནས།།
          སེམས་གསོན་པོ་སྡུག་དང་མྱ་ངན་གྱིས་གང་སོང༌།།

          གནས་རྡོ་རྗེ་གདན་པའི་མཆོད་རྟེན་གྱི་བང་རིམ།།
          དབྱིབས་བཀོད་པ་ལེགས་པའི་མཛེས་རྩལ་དེ་མཐོང་བྱུང༌།།
          གཞིས་འགྲོ་ཕན་གླིང་གི་དགོན་སྡེ་དེ་དྲན་ནས།།
          སེམས་གསོན་པོར་སྡུག་གི་རྒྱ་མཚོ་ཞིག་ཕྱུང་སོང༌།།

          གནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ།།
          ཆོས་བདེན་བཞིའི་འཁོར་ལོ་བསྐོར་ས་དེ་མཇལ་བྱུང༌།།
          ཕ་དྲིན་ཅན་བླ་མའི་བཀའ་ལུང་དེ་དྲན་ནས།།
          ཡིད་སྐྱོ་བའི་མིག་ཆུ་ཁོག་པ་རུ་གཞུར་སོང༌།།

          ཡུལ་ས་ར་ཎཱ་ཐའི་དབྱིག་འཛིན་གྱི་ཕང་པར།།
          ཆེས་མཐོན་པོའི་གཙུག་ལག་སློབ་གྲྭ་དེ་མཐོང་བྱུང༌།།
          གཞིས་དར་མདོ་མི་རིགས་སློབ་གྲྭ་དེ་དྲན་ནས།།
          སྙིང་དམར་པོའི་དཀྱིལ་ནས་ཕྱི་ལྟོས་ཤིག་ཤོར་སོང༌།།

          དུས་འཕོ་འགྱུར་སྐབས་སུ་ཆག་གྲུམ་དུ་ཤོར་བའི།།
          དཔོན་ཨ་ཤོ་ཀ་ཡི་རྡོ་རིང་དེ་མཐོང་བྱུང༌།།
          དབུས་རྒྱལ་ས་ལྷ་སའི་རྡོ་རིང་དེ་དྲན་ནས།།
          སེམས་བསམ་པ་གློག་གི་བུ་མོ་ལྟར་འཁྱུག་སོང༌།།

          ལམ་ཁྱག་ཁྱོག་རྒྱུད་པའི་རྒྱ་གར་གྱི་ནུབ་ཕྱོགས།།
          ཡུལ་དྷ་རམ་ས་ལའི་ཆོས་སྒར་ལ་སླེབས་སོང༌།།
          གཞིས་གངས་ཅན་བོད་པའི་གནས་སྟངས་དེ་དྲན་ནས།།
          སེམས་གསོན་པོའི་སྟེང་དུ་རྨ་ཁ་ཞིག་ཤོར་སོང༌།།

          དབྱིབས་བཀོད་ལེགས་མཛེས་པའི་གཟིམས་ཆུང་གི་ནང་ན།།
          སྐྱབས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དེ་མཇལ་བྱུང༌།།
          སྐུ་འཁྲུངས་རབས་མང་པོའི་རྣམ་ཐར་དེ་དྲན་ནས།།
          སེམས་དད་པའི་རྦ་རླབས་ནམ་མཁའ་རུ་འཕུར་སོང༌།།

          གཤམ་དྷ་ཤོད་གངས་ཅན་སྐྱིད་གཤོང་གི་གནས་ན།།
          བོད་བཙན་བྱོལ་བཀའ་སྤྱི་ལས་ཁུངས་དེ་མཐོང་བྱུང༌།།
          གཞུང་དགའ་ལྡན་ཕོ་བྲང་འཕོ་འགྱུར་དེ་དྲན་ནས།།
          སྙིང་གསོན་པོའི་སྟེང་ལ་དྲན་རྟེན་ཞིག་བཞག་བྱུང༌།།

          ཡུལ་རྒྱ་གར་འཕགས་པའི་རྒྱལ་ས་ཡི་ལྟེ་བ།།
          བརྗིད་ཆགས་པའི་ལྡི་ལི་གྲོང་ཁྱེར་དེ་མཐོང་བྱུང༌།།
          དབུས་ཉི་མ་ལྷ་སའི་གྲོང་ཁྱེར་དེ་དྲན་ནས།།
          སྙིང་དམར་པོའི་ཁོངས་ནས་སུན་སྣང་ཞིག་སྐྱེས་བྱུང༌།།

          ལུས་ཤ་ཁྲག་རྒྱས་པའི་ཕོ་གཞོན་དང་མོ་གཞོན།།
          ངག་གླུ་ཆུང་ལེན་བཞིན་འགྲོ་བ་དེ་མཐོང་བྱུང༌།།
          སྐྱིད་ཕ་ཡུལ་ལུང་པའི་ན་གཞོན་ཚོ་དྲན་ནས།།
          སྙིང་རུས་པའི་གཏིང་ནས་ཚ་ཤ་ཞིག་ཤོར་སོང༌།།

          མེ་དམར་པོའི་སྲོག་ལྡན་རི་ལི་ཡི་ནང་དུ།།
          ལྷོ་ཀར་ན་ཀྲ་ཀའི་མངའ་སྡེ་ལ་སླེབས་སོང༌།།
          ཡུལ་མཐའ་འཁོབ་ལྷུང་བའི་སྣང་བ་ཞིག་ཤར་ནས།།
          སྙིང་དམར་པོའི་ངོས་ལ་ཆག་གྲུམ་ཞིག་ཤོར་སོང༌།།

          བྱེས་བོད་པའི་མོན་གྷོ་གཞིས་ཆགས་ཀྱི་ཁྲོད་ནས།།
          དཔལ་ཆོས་སྡེ་ཆེན་པོ་འབྲས་སྤུངས་དེ་མཇལ་བྱུང༌།།
          དབུས་གངས་ཅན་བོད་ཀྱི་འབྲས་སྤུངས་དེ་དྲན་ནས།།
          སེམས་གསོན་པོར་དྲན་པའི་སྐོར་ལོག་ཅིག་ཐེབས་སོང༌།།

          ངོ་མི་ཤེས་གྲྭ་ཚོགས་བརྒྱ་ཕྲག་དང་སྟོང་ཕྲག།
          ཚོགས་ཆོས་རའི་འདུ་ལོང་གཡོ་བ་དེ་མཐོང་བྱུང༌།།
          གཞིས་དཀར་མཛེས་བཤད་སྒྲུབ་ནོར་གླིང་དེ་དྲན་ནས།།
          ཡིད་སྐྱ་མོ་རྒྱ་མཚོའི་རྦ་རླབས་ལྟར་ཕྱུར་བྱུང༌།།

          རྒྱུད་འགྲེལ་པ་བཞི་མགས་གསུང་ཆོས་ལ་ཆས་པས།།
          དཔལ་སྨད་རྒྱུད་གྲྭ་ཚང་ཚོགས་འདོན་དེ་ཐོས་བྱུང༌།།
          གཞིས་ཕ་ཡུལ་དགོན་པའི་སྒྲུབ་མཆོད་དེ་དྲན་ནས།།
          སེམས་སྐྱ་མོ་ལ་ཁའི་བྱ་སྤུ་ལྟར་སྤུར་སོང༌།།

          རླབས་ནམ་མཁའ་འཕྱུར་བའི་ལྷོ་མཐའ་ཡི་རྒྱ་མཚོར།།
          བྱ་ངང་པས་ངང་ཕྲུག་སྐྱོང་བ་དེ་མཐོང་བྱུང༌།།
          དྲིན་ཕ་མའི་བྱམས་དང་བརྩེ་བ་དེ་དྲན་ནས།།
          ངའི་ཁྲ་ཆུང་མིག་ནས་ཆུ་མ་ཞིག་ཤོར་སོང༌།།

          ཡུལ་རྒྱ་གར་འཕགས་པའི་ལྷོ་ཕྱོགས་ཀྱི་མཐའ་ན།།
          མེ་དམར་པོ་འབར་འདྲའི་ཚ་བ་ཞིག་སླེབས་བྱུང༌།།
          གངས་དཀར་པོའི་གཞུར་རྒྱུན་གཙང་ཆབ་དེ་དྲན་ནས།།
          སྙིང་རིལ་རིལ་དྲན་པའི་སྐོར་ལོག་ཅིག་རྒྱབ་བྱུང༌།།

          དུས་དེང་སང་ལྷོ་མཐའི་རྒྱ་མཚོ་ཡི་འགྲམ་ན།།
          ཚེ་འདི་ཕྱི་གཉིས་མེད་སེངྒེ་ཡི་བུ་ང༌།།
          ནམ་ཉིན་མཚན་མེད་པར་ཕ་ཡུལ་དེ་དྲན་ནས།།
          སྡུག་ཨ་ཐང་ཆད་པའི་སྨྱོན་པ་རང་གྱུར་ཡོད།།

          གཞིས་ཕ་ཡུལ་བཞུགས་པའི་དྲིན་ཅན་གྱི་བླ་མ།།
          དྲིན་བྱམས་བརྩེས་སྐྱོང་བའི་ཕ་མ་དང་སྤུན་མཆེད།།
          སྐུ་མི་འགྱུར་རྡོ་རྗེའི་ལྷུན་པོ་ལྟར་བཞུགས་རོགས།།
          དུས་ནམ་ཞིག་བུ་ང་མཇལ་འཕྲོད་ལ་ཡོང་ཆོག།

          ཚེ་མི་རྟག་འཆི་བདག་གཤིན་རྗེ་ཡི་མཆེ་བས།།
          བྱམས་སྙིང་རྗེ་མེད་པའི་རྣོ་དབར་དེ་ཕྱུངས་ནས།།
          བུ་ཉམ་ཆུང་ང་ཡི་ཚེ་སྲོག་ལ་སྡིགས་ཀྱང༌།།
          ཚེ་ཕྱི་མར་མཇལ་བའི་སྨོན་ལམ་ཞིག་ཞུ་ཆོག།

          སྡུག་ཨ་ཐང་ཆད་པའི་ངུ་ངག་གི་གླུ་འདི།།
          ལྷོ་འཛམ་གླིང་དབུས་འགྱུར་འཕགས་ཡུལ་གྱི་ལྷོ་མཐར།།
          ཡུལ་ཀར་ན་ཀྲ་ཀའི་མངའ་སྡེ་ཡི་ཁུལ་གྱི།།
          དཔལ་ཆོས་སྡེ་ཆེན་པོའབྲས་སྤུངས་ནས་བླངས་སོ།།

སྤྱི་ལོ་༡༩༩༦༤༥ ཉིན་ལ་བྲིས།