ཙི་ཙིའི་བཙན་འཛུལ་དང་། ཁོ་བོའི་བཟོད་བསྲན།
རྐུབ་བཙུགས་ས་རག་ན་རྐང་པ་བརྐྱང་ས། ཚ་ན་རོ་ཚོད་མ་ཟིན་ན་ཉ་ན་རོ་ཉོ་ཡོང་།
ཁོ་བོ་རྒྱུན་ལྡན་ནས་རྣམ་དཀར་དགེ་ཕྱོགས་ལ་བརྩོན་པའི་ཆོས་པ་ཞིག་མིན་ཡང་། འུ་ཐུག་ཐབས་ཟད་དུ་གྱུར་ན་མ་གཏོགས་མི་དང་སེམས་ཅན་སུ་ལའང་སུན་པོ་བཟོ་མི་འདོད་ལ། ཐུབ་ཚོད་ནི་དེ་བས་ཀྱང་གཏོང་མི་ནུས་པའི་གྲྭ་གཟུགས་ཤིག་ཡིན། དུས་རྟག་ཏུ་འཛུམ་དམུལ་དམུལ་ངང་ལས་ཀར་བསྐྱོད་ཅིང་། ཤག་ཏུ་ལོག་རྗེས་དཔེ་དེབ་ཀློག་པ་དང་། གཞས་ཉན་པ། གློག་བརྙན་ལྟ་བ་སོགས་བྱས་ཏེ་ཉིན་རེའི་བྱ་སྤྱོད་ཀྱིས་མི་དང་སེམས་ཅན་སུ་དང་གང་ལའང་གནོད་པ་བྱས་ཡོད་པ་བསམ་པ་ཞིག་ཡེ་ནས་མེད།
དེ་ནི་༸གོང་ས་མཆོག་གིས། གཞན་ལ་ཕན་མ་ཐོགས་ཀྱང་གནོད་མ་སྐྱེལ། ཞེས་པའི་གདམས་ངག་གི་ཉམས་ལེན་ཞིག་ཡིན་པར་རློམ་ལ། དེང་རབས་མགོ་སེར་ཚོས་བཤད་པའི། Live and Let Live ཞེས་སོ་སོ་སྐྱིད་པོ་བྱས། མི་གཞན་ལའང་མི་ཚེ་སྐྱིད་པོ་སྐྱེལ་དུ་འཇུག ཅེས་པའི་སྡོམ་ཚིག་གི་ལག་ལེན་ཞིག་ཀྱང་ཡིན་སྲིད། གང་ལྟར། རང་ཤག་ཏུ་གཅིག་པུར་འདུག་སྟེ་ཁེར་རྐྱང་གི་སྤྲོ་སྣང་འཚོལ་བ་དང་། གདན་ཁྲིའི་གསེབ་ཏུ་འདྲེ་ཤིག་གི་ཚང་རིག་ཀྱང་ཁོ་བོའི་ལུས་པོ་ཤིན་ཏུ་རྒྱགས་པས་ཟུངས་ཁྲག་ཐིགས་པ་ཁ་ཤས་སྦྱིན་པ་གཏང་ཡང་སྐྱོན་མེད་སྙམ་ནས་དགོང་ལྟར་འདྲེ་ཤིག་རྣམས་ལ་གསོལ་ཚིགས་རེ་འབུལ་གྱི་ཡོད། དེས་ན་ཁོ་བོའི་ཤག་ཏུ་མིང་མི་ཤེས་པའི་འབུ་སྲིན་མང་པོ་ཞིག་གི་ཚང་ཡང་ཡོད། དེ་དག་ནི་ངའི་གྲོགས་པོ་ཡིན་བསམ་པ་ལས་ཐུབ་ཚོད་དང་གནོད་པ་སྐྱེལ་བ་ཞིག་ཡེ་ནས་མི་དྲན།
ཟླ་བ་གཉིས་ཙམ་གྱི་སྔོན་གང་ནས་འཛུལ་ཡོང་བ་མ་ཤེས་པར་ཙི་ཙི་ཞིག་ངའི་ཤག་ཏུ་སླེབས་འདུག
དེ་ལའང་ངའི་ཤག་གི་གྲོགས་པོ་གཞན་དང་འདྲ་བར་ཟ་ལྷག་དང་རྔན་པ་འདྲ་མིན་སྤྲད་དེ་འཆམ་མཐུན་གྱི་འཚོ་བ་ལ་རོལ་ནས་ཟླ་ཕྱེད་ལྷག་ཕྱིན།
དགོང་མོ་རྟག་པར་ཙི་ཙི་ཙི་ཞེས་སྐད་ཅོར་རྒྱག་བཞིན་མཚམས་རེར་ཧ་ཡང་རྣམས་ས་ལ་གཡུག་པ་དང་།
ཧ་ཡང་འགྲམ་དུ་གཙོག་པ་བཏང་བ་སོགས་བྱེད་ཀྱང་དེ་ནི་བསམ་མེད་སེམས་ཅན་ཞིག་རེད་སྙམ་ནས་གང་ཡང་མ་བྱས།
དེ་ནི་ང་ལ་མཚོན་ན་བཟོད་སྒོམ་ཚད་མཐོ་ཤོས་ཀྱི་གྲས་ཤིག་ཡིན།
ཉིན་ཞིག་ངས་གཞས་ཉན་སྐབས་སྐད་སྒམ་ཡ་གཅིག་ནས་སྐད་གྲགས་ཀྱི་མི་འདུག་པས་གང་ཡིན་བལྟས་སྐབས།
སྐད་སྒམ་གྱི་གློག་སྐུད་བཅད་ཚར་བ་དང་། ཆད་འཕྲོ་ཡང་ཐག་རིང་དུ་དྲུད་ཚར་འདུག
གཞན་ཉན་རྒྱུ་ནི་ངའི་མི་ཚེའི་ནང་གི་སྤྲོ་སྣང་ཆེ་ཤོས་ཤིག་ཡིན་སྟབས།
སྐད་སྒམ་གྱི་གློག་སྐུད་བཅད་པ་དེ་ནི་ངའི་འཛུབ་རྩེར་རྨ་ཞིག་བཟོས་པ་དང་ཁྱད་མེད།
གློག་སྐུད་བཟའ་ཆས་ནི་མིན་པས་དེ་ལ་སོ་རྒྱབ་དགོས་དོན་གང་ཡང་མེད་པས་ཁོང་ཁྲོ་ཕྲན་བུ་ལངས་ཀྱང་བཤད་ན་སྨྲ་མི་ཤེས་ཤིང་།
ལབ་ན་ཉན་མི་ཐུབ་པའི་དུད་འགྲོ་ཞིག་རེད་བསམ་ནས་ཁོང་ཁྲོ་མིད་རྒྱུག་བཏང་བ་ཡིན།
དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། ཞེས་པ་དང་།
གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།།
ཞེས་པའི་གདམས་ངག་གིས་བྱིན་པའི་ཉམས་ལེན་ཕྲན་བུ་ཞིག་བྱས་ཏེ།
ཙི་ཙི་ཆུང་ཆུང་དེ་ལ་བཟོད་པ་ཆུང་ཆུང་ཞིག་བསྒོམས་པ་དང་།
དེ་ནི་བཟོད་པ་སྒོམ་ཐེངས་གཉིས་པ་ཡིན་ལ། ང་ལ་མཚོན་ན་བཟོད་པ་ཚད་མཐོ་ཤོས་དེ་ཡིན།
ང་ལས་ཀར་འགྲོ་ཤུལ་དུ་རང་ཤག་གི་ཅ་དངོས་ཡོངས་རྫོགས་གཏོར་བ་དང་ཟ་ཆས་རིགས་ཀྱང་བཀྲམས་ནས་ཤག་འཛོར་རྐྱང་དུ་བཟོས་པ་དང་།
རང་ཉིད་ཀྱི་གཟན་ཤམ་ཡང་བཀྲུ་མི་འདོད་པའི་གྲྭ་རྐྱང་ཞིག་ལ་མཚོན་ན་ལས་ཤག་གཙང་མ་བཟོ་རྒྱུ་ནི་ཆེས་ཤིན་ཏུ་དཀའ་བའི་ལས་ཀ་ཞིག་ཡིན་པས་སུན་སྣང་དང་ཁོང་ཁྲོ་འདྲེས་མའི་ངང་གནས་པ་ལས་གཞན་གང་ཡང་མེད།
དེ་རིང་ཐབ་ཚང་དུ་བསྐྱོད་སྐབས་ཙི་ཙི་ཆུང་ཆུང་དེས་ཐབ་ཚང་གི་བདག་པོ་ཡིན་མདོག་གིས་སྐད་ཅོར་རྒྱག་པ་དང་།
ཅ་དངོས་འདྲ་མིན་ཟས་པའི་སྙིགས་རྣམས་ས་ལ་གངས་བབ་པ་བཞིན་འཐོར་ནས་འདུག་ལ།
ད་དུང་རྩ་ཆེ་མདོག་གིས་ཆབ་ཆེན་རྣམས་ཀྱང་ངའི་ཕོར་བ་དང་ཐབ་ཆས་རྣམས་ཀྱི་ནང་དུ་མཎྚལ་བཞིན་དུ་བཀྲམས་ནས་བཞག་འདུག
དེ་དག་ཐམས་ཅད་ཆུ་བཤལ་བཏང་རྗེས་གྲོ་ཞིབ་རྫི་གྲབས་བྱེད་སྐབས་གྲོ་ཞིབ་ནང་དུའང་ནོར་བུ་རྩ་ཆེན་དེ་དག་ནག་རིལ་རིལ་དུ་བཀྲམས་ནས་བཞག་འདུག
ད་ནི་ཁོང་ཁྲོ་ཞིག་མ་ལངས་ན་མིའི་མཚན་ཉིད་མ་ཚང་པར་འགྱུར་སྙམ་ནས་ཙི་ཙི་དེ་འཛིན་དགོས་བསམ།
ལག་པས་འཇུ་ན་མཆེ་བ་རྣོ་བོ་དེས་སོ་ཞིག་རྒྱབ་ཚེ་ཉིན་མ་མང་པོའི་རིང་སྨན་དང་གྲོགས་པོ་སྒྲིག་དགོས་པར་འགྱུར་བ་དང་།
སྡུག་ཉེས་ན་རང་སྲོག་ཀྱང་དེས་བསྐྱལ་ཡོང་དྲན།
ཐབས་ཤེས་གཅིག་བློ་ལ་འཁོར་བ་དེ་ནི།
ཟ་ཆས་ནང་ཙི་ཙི་སྨན་བླུག་ནས་ཙི་ཙི་ལ་སྟེར་རྒྱུ་དེ་རེད།
འདི་ལ་ཙི་ཙི་སྨན་ཞེས་བརྗོད་དུས་ཙི་ཙི་ལ་ཕན་མདོག་ཁ་པོ་ཞིག་ཡོད་ཀྱང་།
དོན་དངོས་ཐོག་ཙི་ཙིའི་རང་སྲོག་གཅོད་པའི་དུག་ཅིག་རེད།
དེ་ལ་མི་ཚོས་མིང་སྙན་པོ་ཞིག་བཏགས་ནས་སྨན་ཞེས་བརྗོད་པ་རེད།
ཙི་ཙི་སྨན་བླུག་ན་ཙི་ཙི་དེ་ཤི་ངེས་ཡིན་པས་སེམས་ཅན་གཞན་གྱི་སྲོག་གཅོད་རྒྱུའི་གློ་ཁོག་མེད་ལ།
ལྷག་པར་ང་དང་ཟླ་བ་གཉིས་ལྷག་མཉམ་དུ་བཤིབ་མྱོང་བ་ཞིག་ལ་སྡུག་པོ་དེ་འདྲ་སྟེར་ན་མི་འོས་ལ་ལས་རྒྱུ་འབྲས་ལའང་མི་འགྲོ་སྙམ་ནས་ཐབས་ཤེས་དེ་ཕྱིན་འཐེན་བྱས་པ་ཡིན།
ཐབས་ཤེས་གཞན་ཞིག་བསམ་བློའི་ནང་འཁོར་བ་དེ་ནི།
ཙི་ཙིའི་རྙི་ཞིག་གི་ནང་བླུག་ན་ལེགས་སྙམ་སྟེ་ཁྱིམ་མཚེས་ས་ནས་རྙི་ཞིག་གཡར།
ཁྱིམ་མཚེས་ཀྱི་ནང་ལ་ཙི་ཙི་མང་པོ་སླེབས་ཀྱི་ཡོད་སྟབས།
རྙི་ཆེ་ཆུང་མང་པོ་འདུག་པས་གང་དགོས་བདམས་ཟེར།
རྙི་ཆུང་ཆུང་ཞིག་གི་བཅུག་ན་འགུལ་སྒྱོག་རྒྱག་ས་མེད་ནས་དཀའ་ལས་ཁག་ཡོང་སྙམ་སྟེ་རྙི་ཆེན་པོ་ཞིག་གཡར།
ཐབ་ཚང་གི་ནང་རྙི་དེ་བཞག་ཅིང་།
ཉེ་འགྲམ་དུ་ཟ་ཆས་ཁ་ཤས་གཏོར་ནས་བཞག
ཁ་ཤས་རྙིའི་ཁར་བཞག་པས་ཁོང་གིས་ཕྱིའི་ཁ་ཟས་རྣམས་ཟས་རྗེས་ད་དུང་འདོད་པ་མ་ཚིམ་པར་ལྷག་མ་རྣམས་ཟ་རུ་བསྐྱོད་དུས་རྙིའི་ནང་ཏག་ཏག་ལྷུང་བ་ཞིག་བཟོས།
དེ་ནི་ངའི་མི་ཚེའི་ནང་རྙི་བཞག་པ་ཐེངས་དང་པོ་ཡིན་ལ། གལ་ཏེ་ང་ཙི་ཙི་དེ་ཡིན་ལ་དཀའ་ལས་ཇི་ཙམ་ཁག་ཡོང་བསམ་ནས་རྙི་དེ་ཡང་ཕྱིར་འཐེན་བྱས་གྲབས་ཁ་ཤས་བྱས་ཀྱང་།
མཐའ་མཇུག་དེར། ཙི་ཙི་དེ་ནང་ལ་བཞག་ནས་དེས་ངའི་བཟའ་ཆས་ཀྱི་ནང་གཙོག་པ་བཏང་སྟེ། དེ་ཟས་རྗེས་ཁོ་བོ་ན་ཡོང་སྙམ་པ་དང་།
ཙི་ཙི་དེ་ནང་ལ་བཞག་ན་སྦྲུལ་ཞིག་གིས་ཙི་ཙི་ཟ་འདོད་ཀྱིས་ཤག་ཏུ་འཛུལ་ཡོང་བ་དང་། དེས་ང་ལ་སོ་རྒྱག་ནས་ངའི་ཚེ་ཡི་འདུ་བྱེད་ཀྱང་དེས་བསྡུ་ཡོང་བསམ་སོགས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ནས་ཙི་ཙི་དེ་ལ་རྙི་ཞིག་མ་བཞག་ཀ་མེད་རེད་འདུག
དེ་རིང་ཞོགས་པར་ལངས་མ་ཐག་ཐབ་ཚང་དུ་ཁོང་རྙི་རུ་ཚུད་ཡོད་མེད་ལྟ་རུ་ཕྱིན།
རྙི་ཆེན་པོ་དེའི་ནང་ངའི་གྲོགས་པོ་ཙི་ཙི་ཆུང་ཆུང་ཁོང་མཆེ་བ་རྣོ་བོ་དེ་སྟོན་ཙམ་སྟོན་ཙམ་བྱས་ནས་ལྷོད་ལྷོད་བཞུགས་འདུག
ལྷོད་ལྷོད་བཞུགས་སྟངས་དེ་ལ་བལྟས་ན་མཚན་གང་ཕྱིར་དོན་ཐབས་གནང་ནས་ཐང་ཆད་པ་འདྲ།
ང་མཐོང་མ་ཐག་སྦྱིན་བདག་ཀླད་མེད་དེ་སླེབས་སོང་བསམས་ནས་རྙིའི་ནང་ཕར་རྒྱུགས་ཚུར་རྒྱུགས་འདྲ་བྱས་ཏེ་རྙི་ལ་སོ་རྒྱག་རྩིས་ཀྱང་བྱས།
རྙིའི་ལྕགས་དྲ་དེ་ནི་ནམ་རྒྱུན་ཁོང་གིས་ཟས་པའི་གློག་སྐུུད་དང་། བྲོ་བ་ཆེ་བའི་ཚོད་མ།
ཤིན་ཏུ་སྙི་བའི་འགྱིག་རྣམས་དང་ཡེ་ནས་མི་འདྲ་བས་ཨ་ཐང་ཆད་ནས་ཧད་བཞིན་འདུག
ཙི་ཙི་ཆུང་ཆུང་ལགས།
ངའི་སྙིང་ཉེ་བའི་གྲོགས་པོ་ཆུང་ཆུང་ལགས། དེ་རིང་ངས་རང་ལ་ཐུབ་ཚོད་བཤད་པ་མིན་ལ།
བརྙས་བཅོས་བྱས་པ་དེ་བས་མིན།
ང་ཁྱེད་ལ་ཤིན་ཏུ་དགའ་ཞིང་། ང་ཁྱེད་དང་ཧ་ཅང་ཉེ།
ང་ཁྱེད་དང་མཉམ་དུ་བསྡད་རིང་མཚམས་རེར་སྐྱིད་ཅིང་མཚམས་རེར་ཁོང་ཁྲོ་ལངས།
མཚམས་རེར་བགད་ཅིང་།
མཚམས་རེར་ཚིག་རྩུབ་བརྗོད་བཞིན་ཟླ་བ་གཉིས་ཀྱི་དུས་ཡུན་དེ་ཡུད་ཀྱིས་རྫོགས།
དྲང་པོར་བཤད་ན།
ཁྱེད་ཉིད་ཟླ་བ་གཉིས་ཀྱི་རིང་ངའི་ཤག་ཏུ་འདུག་སྟེ།
རྒྱས་སྤྲོས་ལོངས་སྤྱོད་དང་གང་དགའ་གང་འདོད་བྱས་པའི་ལོ་རྒྱུས་ལ་ཕྱིན་དྲན་ཞིག་བྱོས་དང་།
འཛམ་གླིང་འདིའི་སྒང་གི་ཙི་ཙི་གཞན་ཐམས་ཅད་དང་བསྡུར་ན་ཁྱེད་ཉིད་རྒྱལ་པོའི་སྲས་ཤིག་གི་འཚོ་བ་ལས་ཀྱང་ལྷག་པ་ཞིག་བསྐྱལ་རྒྱུ་བྱུང་བ་དེ་ཁྱེད་ཀྱི་བསོད་ནམས་རེད་དྲན་དགོས།
ཤག་འདིའི་ནང་ཁྱེད་ཉིད་ཀྱིས་གང་ཟ་རེད་ལ། གང་བཏང་རེད།
གང་རྒྱུགས་རེད་ལ། གང་ཉལ་ཡང་རེད།
ཟླ་བ་གཉིས་པོ་དེ་ནི་ཁྱེད་ལ་མཚོན་ན་ས་ཆ་སྐྱིད་པོ་ཞིག་དང་།
ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་ཤིག་ཏུ་གུང་སེང་དུ་སླེབས་པ་དང་གཅིག་མཚུངས་རེད།
འཛམ་གླིང་འདིའི་སྒང་གི་མིའི་མགོ་ཐོགས་ཐམས་ཅད་ལ་བཟོད་བསྲན་ཞེས་པ་དེ་ཆེ་ཆུང་ལ་མ་ལྟོས་པར་ཏོག་ཙམ་རེ་མེད་མཁན་སུ་ཡང་མེད་ལ།
ངས་ཀྱང་ཁྱེད་ཉིད་ལ་བཟོད་བསྲན་ཚད་མཐོ་ཤོས་བར་དུ་བསྒོམས་པ་ཡིན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་གཞན་ཐམས་ཅད་ཀྱི་བཟོད་པ་ལ་ས་མཚམས་ཡོད་ལ།
བསྲན་པ་ལ་ཚོད་ཡོད་པས། ངས་བཟོད་བསྲན་དེ་མཚམས་དང་ཚོད་ལས་བརྒལ་སོང་།
ཙི་ཙི་ཆུང་ལགས། ཁྱེད་ག་ལེར་ཕེབས་རོགས། ང་ལ་སྐུ་རླུང་ལ་ལང་རོགས། ཁྱེད་དང་ངེད་གཉིས་ཀྱི་ལས་དབང་དེ་རེད་ལ། ལས་དབང་དེ་འདི་ནས་མཇུག་བསྒྲིལ་བ་ཡིན།
ཙི་ཙི་ཆུང་ལགས། ཁྱེད་ག་ལེར་ཕེབས་རོགས། ང་ལ་སྐུ་རླུང་ལ་ལང་རོགས། ཁྱེད་དང་ངེད་གཉིས་ཀྱི་ལས་དབང་དེ་རེད་ལ། ལས་དབང་དེ་འདི་ནས་མཇུག་བསྒྲིལ་བ་ཡིན།
ཁྱེད་ཉིད་འདི་ནས་དོན་རྗེས་སྦྱིན་བདག་ཀླད་མེད་ཁོ་བོ་འདྲ་བ་ཞིག་རག་དཀའ་ཡང་།
གང་དུ་སླེབས་ཀྱང་།
ལྟོ་ཟ་སར་གཅིན་མ་གཏོང་། མགོ་གཞག་སར་རྐུབ་མ་བཙུགས། འདི་སེམས་ལ་ཉར་ནས་ཕེབས་རོགས།
ལྟོ་ཟ་སར་གཅིན་མ་གཏོང་། མགོ་གཞག་སར་རྐུབ་མ་བཙུགས། འདི་སེམས་ལ་ཉར་ནས་ཕེབས་རོགས།
ཁ་ཤས་ཀྱིས་བརྗོད་རྒྱུར། ནང་ལ་ཙི་ཙི་ལ་སླེབས་ན་ཕྱུག་པོར་འགྱུར་བའི་རྟགས་མཚན་རེད་ཅེས་ཟེར།
ཁོ་བོ་ནི་སྔོན་ནས་གྲྭ་རྐྱང་ཞིག་ཡིན། ད་དུང་ཡང་གྲྭ་རྐྱང་ཡིན་པས་ཕྱུག་པོར་འགྱུར་དགོས་དོན་གང་ཡང་མེད་པས་ཁྱེད་ཉིད་ཕྱིར་མ་ཕེབས་ཀྱང་འགྲིགས།
ཙི་ཙི་ཆུང་ཆུང་ལགས། ག་ལེར་ཕེབས། ག་ལེར་ཕེབས། ངས་ཁྱེད་ལ་ལག་གཡུག་འདི་བྱས་ནས་ཁྱེད་ལ་སྐྱེལ་མ་བྱས་ཡོད།
ཁོ་བོ་ནི་སྔོན་ནས་གྲྭ་རྐྱང་ཞིག་ཡིན། ད་དུང་ཡང་གྲྭ་རྐྱང་ཡིན་པས་ཕྱུག་པོར་འགྱུར་དགོས་དོན་གང་ཡང་མེད་པས་ཁྱེད་ཉིད་ཕྱིར་མ་ཕེབས་ཀྱང་འགྲིགས།
ཙི་ཙི་ཆུང་ཆུང་ལགས། ག་ལེར་ཕེབས། ག་ལེར་ཕེབས། ངས་ཁྱེད་ལ་ལག་གཡུག་འདི་བྱས་ནས་ཁྱེད་ལ་སྐྱེལ་མ་བྱས་ཡོད།
ད་དུང་ཆེས་མཐའ་མཇུག་གི་རེ་བ་ཞིག་ཡོད་པ་དེ་ནི། ཁྱེད་ཉིད་འདི་ནས་ཕེབས་རྗེས།
ང་དྲན་ནས་ཕྱིར་རྩ་བ་ནས་མ་ཕེབས་རོགས། བརྩེ་བ་ཅན་དེ་རིང་ན་དགའ། ཉེ་ན་ནང་འཛིན་ཤོར་ཉེན་ཡོད།།
ཅེས་པ་ལྟར། ཁྱེད་ཉིད་རྒྱང་རིང་དུ་ཕེབས་རོགས།
གལ་ཏེ་ང་ལ་བརྩེ་བ་ཆེ་མདོག་གིས་ཕྱིར་ཕེབས་ན། དེ་དུས། ང་སྔོན་མ་བཞིན་མི་ཀླད་མེད་ཅིག་བྱེད་མི་འདོད་ལ།
སྦྱིན་བདག་བྱང་སེམས་ཅན་དེ་འདྲ་ཡང་བྱེད་མི་འདོད། དེ་དུས། ངས་ཁྱེད་ཉིད་ཨ་ཁུ་ཞི་མི་ཞིག་ལ་གསོལ་ཚིགས་སྟབས་བདེ་ཞིག་ཏུ་འབུལ་སྲིད་ལ།
ཡང་ན། གསོལ་སྨན་ལེགས་པོ་ཕུལ་ནས་ཁྱེད་ཉིད་ཞིང་ཁམས་གཞན་ཞིག་ཏུ་ཡང་ཕེབས་སྐྱེལ་ཞུ་སྲིད།
ད་བདེ་བོ་གྱིས། ཕྱིས་སུ་མ་མཇལ་བར་ཤོག
ད་བདེ་བོ་གྱིས། ཕྱིས་སུ་མ་མཇལ་བར་ཤོག
༢༠༡༣། ༦། ༢༤། ཉིན་གྱི་ཞོགས་པ། ཆུ་ཚོད། ༩། སྐར་མ་༤༠ཐོག་བྷུན་ཏར་མཐོ་སློབ་ཀྱི་རང་ཤག་ནས།