Sunday, December 16, 2012

ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་དྲན།


༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་དྲན་དང་
འབྲེལ་བའི་སྐོར་རགས་ཙམ་གླེང་བ།
དེ་རིང་གི་ཉིན་མོ་ནི་ང་ཚོ་བོད་ཀྱི་དབུ་ཁྲིད་ཆེན་པོ་༸གོང་ས་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༢༣ འཁོར་བའི་དུས་དྲན་ཡིན་པ་ཚང་མས་མཁྱེན་གསལ་རེད།

དེ་ཡང་མགོན་པོ་གང་ཉིད་རང་གི་ལུང་པར་རྒྱ་དམར་གྱི་བཙན་འཛུལ་དང་མནར་གཅོད་ཚད་མེད་བཏང་རྐྱེན་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བའི་རྐྱེན་ངན་རུ་འཛིངས་པ་ལྟ་བུའི་ལོ་ཟླའི་ནང་ཐུགས་ཤུགས་སྔར་ལས་ཇེ་ཆེར་གྱིས་བོད་ཀྱི་སློབ་གྲྭ་དང་ཆོས་སྡེ་ཁག་བསྐྱར་འཛུགས་གནང་བ་དང་། ལྷག་པར་དུ་ཡང་བོད་གཞུང་འདི་ཉིད་སྔར་མེད་མང་གཙོའི་ལམ་དུ་འཁྲིད་གནང་མཛད་པ་ནི་རྒྱལ་བ་སུས་ཀྱང་མཛད་དུ་མེད་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན།

༸རྒྱལ་དབང་མཆོག་གི་མཛད་རྗེས་གྲངས་ལས་འདས་པ་ཞིག་གི་ནང་ནས་སྙན་གྲགས་ཆེ་ཤོས་ཤིག་ནི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་ཡིན་ཞིང་། དེ་ཡང་། གོང་ས་མཆོག་གིས་ལོ་ངོ་དེ་དག་གི་རིང་སྤྱིར་འཛམ་གླིང་ནང་འཚེ་མེད་ཞི་བའི་ལམ་སྟོན་དང་། བཟང་སྤྱོད་ཀྱི་ཐབས་ལམ་རྒྱུན་མར་སྟོན་གནང་མཛད་པ་དང་། ལྷག་པར་དུ་བོད་རང་དབང་གི་འཐབ་རྩོད་དེ་བཞིན་འཚེ་མེད་ཞི་བ་ཉིད་ལ་བརྟེན་ནས་གནང་བར་བརྟེན་འཛམ་གླིང་རྒྱལ་སྤྱིའི་མཁས་དབང་དང་གནད་ཡོད་མི་སྣ་རྣམས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་སྤྱི་ལོ་༡༩༨༩ལོའི་ཟླ་བ་༡༠་ཚེས་༥ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཐུགས་གཏན་ཁེལ་བ་དང་། ལོ་དེའི་ཟླ་བ་༡༢་པའི་ཚེས་༡༠ཉིན་ནོར་ཝེ་ཡི་རྒྱལ་ས་ཨོ་སོ་ལོ་རུ་༸གོང་ས་མཆོག་ལ་དངོས་སུ་འབུལ་བཞེས་མཛད་པ་རེད།

དེ་ཡང་ནོ་བྷེལ་གཟེེངས་རྟགས་དེ་ནི་ཚན་རིག་པ་གྲགས་ཅན་ཨལ་ཕར་ཋི། ནོ་བྷེལ་( ༡༨༣༣། ༡༠། ༢༡། ནས་༡༨༩༦། ༡༢། ༡༠། ) གྱིས་འབར་རྫས་ཀྱི་རྫས་རིག་གསར་གཏོད་གནང་རྗེས་དེས་འཛམ་གླིང་གི་སྣོད་བཅུད་གཉིས་ཀར་གནོད་སྐྱོན་ཚབས་ཆེན་བཟོས་རྐྱེན་མཐར་ཐུགས་འགྱོད་དྲག་པོས་ཁོང་གི་ཁ་རྗེ་དབང་ཐང་ཧ་ལམ་ཨ་སྒོར་ས་ཡ་དགུ་དང་ཉིས་འབུམ་ལྷག་ཙམ་ཞིག་ནོ་བྷེལ་གཟེངས་རྟགས་ཀྱི་ཐེབས་རྩར་བཞག་པ་དང་། དེ་དག་འཛམ་གླིང་ནང་། ཞི་བདེ་དང་། གསོ་རིག དངོས་ཁམས་རིག་པ། རྫས་འགྱུར་རིག་པ། རྩོམ་རིག་བཅས་ལྔ་དང་། ༡༩༦༩ལོ་ནས་དཔལ་འབྱོར་གྱི་གཟེངས་རྟགས་ཀྱང་བསྣན་ནས་ཕུལ་བྱུང་མཛད་རྗེས་ཅན་ལ་གཟེངས་རྟགས་འབུལ་བའི་སྲོལ་དེ་བྱུང་བ་དང་། ༡༩༨༩ལོ་དེའི་ནང་གི་ཞི་བདེའི་གཟེངས་རྟགས་དེ་༸གོང་ས་མཆོག་ལ་ཕུལ་གནང་བ་རེད། 


༸གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་དེའི་ཐོག་ “༸གོང་ས་མཆོག་ལ་འགྲོ་བ་སེམས་ཅན་མཐའ་དག་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་པའི་ཞི་བདེའི་ལྟ་སྤྱོད་ཡང་དག་པ་ཞིག་དང་། འཛམ་གླིང་འདིར་གནས་པའི་འགྲོ་བ་མིའི་རིགས་སྤྱི་དང་། དེ་བཞིན་ཁོར་ཡུག་གི་རང་བཞིན་འབྱུང་ཁམས་ལ་གནོད་འཚེ་མི་ཡོང་བའི་སྲུང་སྐྱོབ་བདག་གཅེས་བྱེད་རྒྱུ་འཛམ་གླིང་རྒྱལ་ཁབ་ཚང་མའི་ལས་འགན་ཞིག་ཡིན་པའི་དགོངས་ཚུལ་ཧ་ཅང་ཕན་རླབས་ཅན་ཞིག་ཡོད་པ་རེད། “ ཅེས་འཁོད་པ་འདིས་༸གོང་ལ་མཆོག་ལ་གཟེངས་རྟགས་དེ་ཉིད་ཕུལ་དགོས་པའི་རྒྱུ་མཚན་གང་ཡིན་མཚོན་ཡོད་ལ།
གཟེངས་རྟགས་འབུལ་བཞེས་མཛད་རྗེས་༸གོང་ས་མཆོག་གིས། “ང་ལ་ཞི་བདེའི་བྱ་དགའ་རག་པ་འདིས་ང་ནང་པ་སངས་རྒྱས་པའི་དགེ་སློང་ཞིག་ཡར་མཐོ་གང་མཐོ་རུ་འགྲོ་རྒྱུ་དང་། མར་དམའ་རུ་འགྲོ་རྒྱུ་ཞིག་ཡོད་མ་རེད། ང་མི་དེ་ག་རང་ལ་བསྡད་ཡོད། “ཅེས་དང་།

“ཡིན་ན་ཡང་། དགའ་བོ་བྱེད་པའི་རྒྱུ་མཚན་གང་འདུག་ཅེ་ན། ངས་བྱམས་པ་དང་སྙིང་རྗེ། འཚེ་བ་མི་བྱེད་པ་ཞེས་པ་འདི་ཅི་ཐུབ་ཐུབ་ཀྱིས་ཉམས་ལེན་བྱེད། ཅི་ཐུབ་ཐུབ་ཀྱིས་མི་ལ་བཤད་ཀྱི་ཡོད་པ་འདི་དེ་རིང་འཛམ་གླིང་སྤྱིའི་ཐོག་ནས་ངོས་འཛིན་བྱེད་པ་ཞིག་ཆགས་ཡོང་བ་ཡིན་དུས། འདིས་འཛམ་གླིང་འདིའི་སྒང་ལ་བྱམས་པ་དང་སྙིང་རྗེ། འཚེ་མེད་ཞི་བའི་ལམ་ཞེས་པ་འདི་ལ་མཐོང་ཆེ་རུ་འགྲོ་རྒྱུ་དང་། སེམས་ཅན་མཐའ་དག་གི་རྒྱུད་ལ་སེམས་བཟང་པོའི་ས་བོན་ཞིག་ཡོད་ཡོད་པ་རེད་ལ། དེ་བས་སེམས་ཅན་ཚང་མའི་རྒྱུད་ལ་རང་ཆས་སུ་ཡོད་པའི་བྱམས་པ་དང་སྙིང་རྗེ་དེ་གོང་ནས་གོང་དུ་འཕེལ་ཐུབ་པ་ཞིག་དང། དེ་ལ་རིན་ཐང་ཆེ་རུ་འགྲོ་དུས་མིས་དོ་སྣང་གསར་པ་སླེབས་ཏེ་དེ་འདྲའི་ཐོག་ནས་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་དམིགས་བསལ་དགའ་བོ་ཡོད། “ ཅེས་གསུངས་པ་འདིས་གཟེངས་རྟགས་བཞེས་པའི་རྗེས་ཀྱི་༸གོང་ས་མཆོག་གི་དགོངས་ཚུལ་དང་ཐུགས་རེ་གང་ཡོད་གསལ་བར་བསྟན་ཡོད།
༸གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༢༣འཁོར་བའི་དེ་རིང་གི་ཉིན་མོར་མགོན་པོ་གང་གི་མཛད་རྗེས་ལ་ཡི་རང་ཞུ་རྒྱུ་དང་། ད་དུང་འཛམ་གླིང་སྤྱི་དང་ཡང་བསྒོས་བོད་ཀྱི་མགོན་སྐྱབས་སུ་བཞུགས་ནས་ངེད་ཅག་བོད་འབངས་ཡོངས་ཀྱིས་སྐུའི་གསེར་ཞལ་རྟག་ཏུ་མཇལ་བ་དང་། གསུང་རྒྱུན་དུ་ཐོས་པ་། ཐུགས་བརྩེ་བའི་འོད་ཁྱིམ་ནས་ནམ་ཡང་བྲལ་བར་མེད་པ་དང་། རིང་པོ་མི་ཐོགས་པར་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ།


ངེད་ཅག་བོད་འབངས་རྣམས་ཀྱིས་ཀྱང་མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་པའི་ཕྱིར་དེ་རིང་ནས་བཟུང་ནས་གནང་རྒྱུའི་དམ་བཅའ་གསུམ།

༡། ཉིན་ལྟར་ཉུང་མཐར་ཡང་སྐར་མ་ལྔའི་རིང་༸གོང་ས་མཆོག་གི་བཀའ་སློབ་གསན་རྒྱུ་དང་། སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་རྒྱུ།
༢། བདུན་ཕྲག་གཅིག་གི་ནང་དྲ་རྒྱའི་བརྒྱུད་ནས་བོད་ནང་གི་གནས་ཚུལ་རྣམས་རྒྱ་མི་དང་དེ་བཞིན་ཕྱི་རྒྱལ་བ་རྣམས་ལ་ཐུང་མཐར་ཡང་ངོ་སྤྲོད་ཐེངས་གཅིག་གནང་རྒྱུ།
༣། དེ་རིང་བཟུང་ནས་ངོ་དེབ་ཀྱི་རྒྱབ་ཤོག་དཔར་ངོས་Cover Picture སུ་བོད་ནང་གི་རང་ལུས་མེར་སྲེག་གནང་མཁན་གྱི་དཔར་རིས་ངེས་པར་དུ་འཇོག་གནང་རྒྱུ།

                                                          བདེན་པོ་རྒྱལ་ལོ། རང་དབང་རྒྱལ་ལོ།