རྨི་ལམ་ནང་གི་བུ་མོ།
འབྱུང་བཞི་འཁྲུག་པའི་ནད་མནར་ཞིག་གིས་ཉིན་འགར་ཉལ་སར་ལྷུང་ན་ཡང་།།
གཟུགས་མེད་སེམས་ཀྱི་རྣམ་ཤེས་ཕྲ་མོ་སྒོ་དང་གྱང་གིས་མི་ཁོག་པར།།
བརྩེ་དུང་དང་མ་གང་ལ་འབུལ་བའི་སྙིང་གི་མཛའ་གྲོགས་ཁྱེད་ཀྱི་གམ།།
ཡང་ཡང་ཤོར་བའི་ངང་ཚུལ་འདི་ལ་བརྩེ་དུང་ལྷ་ཡིས་བྱིན་གྱིས་རློབས།།
ཆོས་དང་ཐར་པས་ཐུགས་སེམས་ཟིན་ན་གདམས་ངག་མགུར་གླུ་ངང་གིས་གྱེར།།
དགའ་ཚོར་ཆེན་པོས་སེམས་ཁམས་གང་ན་འཛུམ་པའི་རི་མོ་ངོ་ལ་ཤར།།
བརྩེ་དུང་ཞིག་གིས་སྙིང་ཁམས་བཟུང་ན་སྙིང་གི་གསང་གཏམ་ལྷུན་གྱིས་ཤོར།།
བེ་རི་སྨྱོན་ཕྲུག་སེམས་ནས་དགའ་ན་བརྩེ་དུང་སྙན་ངག་ལོས་འབྲི་ལགས།།
སེམས་ཀྱི་གསང་བ་ཕྱི་རུ་ཤོར་ན་མྱི་ཁ་ངན་པ་ཟུག་ཉེན་ཡོད།།
མིང་ཚིག་འགའ་ཤས་བྲིས་ནོར་ཤོར་ན་ཁོར་ཡུག་ཅིག་ནས་ཕུད་དོགས་ཡོད།།
ལྕགས་རི་མཐོན་པོའི་ནང་རོལ་ཞིག་ནས་སེམས་ཀྱི་བརྩེ་དུང་སྐམ་ཉེན་ཡོད།།
བརྩེ་དུང་མེ་ཏོག་འདི་ལྟར་སྐམ་ན་ཟུབ་མེད་འགྱོད་པ་སེམས་ན་ཡོད།།
དེའི་ཕྱིར་ཁོ་བོས་ཉེན་ཁ་ཡོད་ཚད་རང་གི་ཕྲག་པའི་སྟེང་བླངས་ནས།།
ཡུན་རིང་སེམས་ཀྱི་གསང་བ་འདི་ཀོ་དྲང་པོའི་ལམ་ནས་འདིར་བརྗོད་ན།།
བདེན་པའི་མངའ་ཤཱཀྱ་ཐུབ་པས་དམིགས་མེད་ཐུགས་རྗེའི་འོད་རླབས་ཀྱིས།།
ཉམ་ཆུང་ཁོ་བོར་དམ་དུ་འཁྱུད་ནས་དགྱེས་པའི་དབུགས་དབྱུང་སྩོལ་བར་མཛོད།།
སྙིང་གི་ཚོར་བ་ལག་པས་བྲིས་པ་སྙན་ངག་པ་ཡི་ཁྱད་ཆོས་ཡིན།།
དེའི་ཕྱིར་ཁོ་བོས་མགོ་བོ་བཏུམས་ཏེ་གློག་ཀླད་ཆག་པོའི་བརྒྱུད་ལམ་ནས།།
སེམས་དང་ཚོར་བ་བརྡར་བའི་བརྩེ་དུང་དེ་རིང་ཁྱེད་ཀྱི་དྲུང་ན་འབུལ།།
མིག་ཟུང་ཆུང་ཆུང་དལ་གྱིས་ཟུམ་ན་ཁྱེད་ཀྱི་བཞིན་རས་ཝ་ལེར་ཤར།།
ངོ་དེབ་ནང་ནས་ཁྱེད་ཞལ་མཇལ་ན་བརྩེ་དུང་རླབས་ཕྲེང་མཁའ་ལ་འཕྱོ།།
སྙིང་གཏམ་གླེང་བའི་མདུད་པ་གྲོལ་ན་ཚོར་བའི་རླབས་རིས་སེམས་ལ་བྲིས།།
རྒྱང་རིང་བཞུགས་པའི་མཛའ་གྲོགས་ཁྱེད་ལ་ང་ཡི་ཡོད་ཚད་ཤོར་བ་འདྲ།།
གང་ལ་གོམས་པ་དེ་ལ་འཇུག་པ་ལས་ཀྱི་རྟེན་འབྲེལ་གཤིས་སུ་སྣང་།།
ལས་དང་སྨོན་ལམ་དམ་གྱིས་སྦྲེལ་ན་རྣམ་སྨིན་འབྲས་བུ་ལྷུན་གྱིས་གྲུབ།།
ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་རྟེན་འབྲེལ་རྒྱལ་མོའི་བཀའ་ལུང་སྟེ།།
དེའི་ཕྱིར་ཁོ་བོ་ཁྱེད་ལ་དུང་བ་ལྡོག་མེད་ལས་ཀྱི་བཀའ་རྒྱ་ཞིག།།
ངོ་དེབ་ནང་གི་དྲ་གྲོགས་ཡོད་ཚད་ང་ཡི་མཛའ་གྲོགས་མ་ལགས་པས།།
ཀུན་ལ་གུས་རྩིས་ཁ་བརྡ་ཙམ་ལས་སྙིང་གི་གསང་གཏམ་མི་བརྗོད་ཅིང་།།
ཁྱེད་དང་ཁ་བརྡ་བྱས་པ་དེ་ཡང་དྲ་གྲོགས་ཤིག་གི་འདུ་ཤེས་ཙམ།།
དེའི་ཕྱིར་ཁོ་བོས་སེམས་པའི་གཏིང་ནས་ཁྱེད་ལ་བརྩེ་དུང་འབུལ་མྱོང་མེད།།
རྩེད་མཚར་ཟོལ་གྱིས་ཁ་བརྡ་འགའ་ཡིས་ཁྱེད་དང་ངེད་གཉིས་ཉེ་རུ་ཕྱིན།།
ཡུལ་གྱི་བསྐལ་བས་སྟོང་དུ་ཆོད་ཀྱང་སེམས་ཀྱི་བར་ཐག་མི་ཆོད་པས།།
སེམས་དང་བསམ་པ་མཐུན་པར་གྱུར་ན་སྙིང་གཏམ་ལྷུག་པར་གྲོལ་བ་དང་།།
སྙིང་གཏམ་གླེང་བའི་བརྒྱུད་རིམ་ཁྲོད་ནས་ཡིད་ཆེས་ཤིག་གི་མྱུ་གུ་འབུས།།
ངོ་དེབ་ནང་ནས་ངོ་ཤེས་གྱུར་ཏེ་ངེད་གཉིས་ངོ་མཇལ་བྱུང་བ་དང་།།
རྩེད་མོའི་ཟོལ་གྱིས་སྐུ་རྩེད་ཞུས་པ་ད་ནི་རྩེད་མོ་མིན་པར་གྱུར།།
སེམས་ཀྱི་གསང་བ་སེམས་སུ་སྦས་ན་སེམས་ཀྱི་སྡུག་བསྔལ་ལྗིད་དུ་འགྲོ།།
སྙིང་ནས་བརྩེ་བའི་སྙིང་གི་མཛའ་མོ་ང་ཡི་སྙིང་ནས་ཡལ་མ་ཐུབ།།
བརྩེ་དུང་ཟེར་བ་སྒྱུ་འཕྲུལ་ཞིག་སྟེ་གང་ནས་འབུས་པ་མི་ཤེས་ལ།།
མི་ཡི་སྙིང་དུ་ཇི་ལྟར་འཛུལ་པ་རང་གིས་ཡེ་ནས་མི་རྟོགས་པས།།
ཁྱེད་ལ་དུང་བའི་སེམས་པ་འདི་ཉིད་གང་ནས་འཁྲུངས་པ་མི་ཤེས་ལ།།
ཁྱེད་ལ་འདི་ལྟར་དགའ་དོན་ཅི་ཡིན་ད་དུང་བདག་གིས་ཡེ་མ་གོ།
ལས་དབང་ཞིག་གིས་གཉིས་མེད་གྱུར་པའི་རྫ་པ་ཚང་གི་རིགས་སྲས་ཀྱིས།།
ལང་ཚོ་དར་བའི་བུ་མོ་དག་དང་མཉམ་བཤིབ་ཐེངས་འགའ་བྱས་མྱོང་ལ།།
བུ་མོ་འགའ་ཡིས་ཡིག་ངག་གཉིས་ཀྱིས་ཁོ་བོར་དགའ་རབས་གླེང་ན་ཡང་།།
སེམས་ཀྱི་བརྩེ་དུང་སེམས་སུ་ཞུགས་པས་འདི་ནས་ཕྱི་རུ་དོན་མ་མྱོང་།།
གཡོ་དང་སྒྱུ་ལ་དགའ་ཞེན་མེད་དེ་རིགས་པ་སྨྲ་བའི་གྲལ་མཐའ་ཞིག།།
བསླུ་བྲིད་རྫུན་ལ་ཡིད་ཆེས་མེད་དེ་རྒྱལ་ཁམས་ཉུལ་བའི་ཡུལ་སྐོར་ཞིག།
རྒྱུ་དང་དཔལ་འབྱོར་ཞེན་ཆགས་མེད་དེ་རྫ་པ་ཚང་གི་རིགས་སྲས་ཤིག།།
ཁྱེད་ལ་དགའ་བ་ལྡོག་ཐབས་མེད་དེ་ཁྱེད་ནི་དྭངས་གཙང་ལྷད་མེད་ཅིག།།
ཁྱེད་དང་ང་གཉིས་ཁ་པར་བརྒྱུད་ནས་སྙིང་གཏམ་ལྷུག་པར་གླེང་བ་དང་།།
ཟད་མཐའ་མེད་པའི་བརྩེ་དུང་མངར་མོ་སྙིང་གི་ཁང་པར་མ་ཤོང་ནས།།
ད་ནི་ཁྱེད་ལ་བཤད་པར་ཐལ་སོང་སྙིང་གི་མཛའ་གྲོགས་སྲས་མོ་ལགས།།
ཁྱེད་ཀྱི་ཐུགས་ལ་ཅི་ཞིག་དགོངས་ཀྱང་ང་ལ་འགྱོད་པ་སྤུ་ཙམ་མེད།།
སེམས་པའི་གཏིང་ནས་བརྩེ་དུང་བཅངས་པ་ནག་ཉེས་ཤིག་ཏུ་འགྱུར་མི་སྲིད།།
སྙིང་གི་གསང་བ་ཁྱེད་ལ་བཤད་པ་ཁྲིམས་འགལ་ཞིག་ཀྱང་ཡིན་མི་སྲིད།།
བུ་མོ་ཁྱེད་ལ་སྙིང་ནས་དགའ་བ་ནོར་འཁྲུལ་ཞིག་ཀྱང་ཡིན་མི་སྲིད།།
ཉམ་ཆུང་བུ་ཡི་ལྷད་མེད་སེམས་ལ་བརྩེ་དུང་ལྷ་ཡིས་རམ་འདེགས་མཛོད།།
མདང་སོང་མཚན་མོའི་རྨི་ལམ་ནང་དུ་ཁྱེད་དང་ངེད་གཉིས་འཛུམ་བཞིན་དུ།།
བརྩེ་བའི་ལག་གདང་ལྷན་དུ་སྦྲེལ་ནས་མི་ཚོགས་གསེབ་ན་བཞུད་བཞིན་འདུག།།
འདི་ཀོ་སྒྱུ་མའི་རྨི་ལམ་ཞིག་སྟེ་དངོས་བྱུང་འཚོ་བ་མ་ལགས་ཀྱང་།།
ང་ཡི་སེམས་པའི་གཏིང་རུམ་ཞིག་ནས་འདི་ལྟར་རེ་སྨོན་ཞུས་ཡོད་ལགས།།
རྨི་ལམ་ཟེར་བ་སྒྱུ་མ་ཞིག་སྟེ་བདུད་ཀྱི་ཆོ་འཕྲུལ་ཡིན་ཡང་སྲིད།།
རྨི་ལམ་ཟེར་བ་སྔོན་རྟགས་ཤིག་སྟེ་ས་ཐོབ་སེམས་དཔའི་རྨི་ལམ་བཞིན།།
རྨི་ལམ་ཟེར་བ་མངོན་འདོད་ཅིག་སྟེ་སེམས་ཀྱི་རེ་བ་ཡིན་ཡང་སྲིད།།
རྨི་ལམ་ནང་གི་ལྷ་མོ་མཇལ་བ་མཚན་མོའི་གཉིད་ཀྱི་རྨི་ལམ་ཙམ།།
ཉིན་མོར་མིག་སྔར་དལ་གྱིས་ཤར་ལ་མཚན་མོའི་རྨི་ལམ་ནང་དུའང་དྲན།།
ཉིན་མཚན་མེད་པར་ཁྱེད་ཉིད་དྲན་པ་ད་ནི་ཁོ་བོའི་ལས་སུ་གྱུར།།
ཁྱེད་ཀྱི་འཕྲིན་དང་ཁ་པར་མེད་ན་སེམས་པ་གྲང་མོ་སྟོང་ལྷང་ལྷང་།།
བརྩེ་དུང་ཟེར་བའི་སྒྱུ་མའི་སེམས་དེ་དྭངས་མོ་ང་ཡི་སེམས་སུ་ཞུགས་པ་འདྲ།།
བེ་རི་རྒྱལ་པོའི་ཁྲག་རུས་འདྲེས་པའི་རྫ་པ་ཚང་གི་རིགས་སྲས་ཀྱིས།།
ཆུང་ངུའི་དུས་ནས་དེབ་དང་སྨྱུ་གུས་མགོ་སྐོར་བསླུ་བྲིད་བྱས་པའི་འོག།།
ཕྱི་ནང་རིག་པའི་གནས་ལ་འཐོམས་ཏེ་དཔལ་དང་འབྱོར་པས་ཕོངས་གྱུར་ཀྱང་།།
བརྩེ་དུང་དང་མོ་འགྱུར་བ་མེད་པས་གང་ཁྱེད་ཐུགས་སེམས་བདེ་བར་མཛོད།།
དེ་ནས་ལེ་དབར་སྟོང་གིས་ཆོད་པའི་ལྷོ་ཕྱོགས་ཚ་བའི་ཞིང་ཁམས་ནས།།
བེ་རི་སྨྱོན་ཕྲུག་མིང་གིས་བསྙད་པའི་རྫ་པ་ཚང་གི་བུ་རྒྱུད་ཀྱིས།།
སྙིང་གི་མཛའ་མོ་ཁྱེད་དང་ལྷན་དུ་མི་ཚེ་ཐུང་ངུའི་འཕྲང་ལམ་ན།།
བརྩེ་དུང་ལག་གདང་ལྷན་དུ་སྦྲེལ་ནས་མཉམ་བཤིབ་མཉམ་བགྲོད་བྱེད་ན་འདོད།།
འདི་རྩེད་མཚར་ཟོལ་གྱིས་བྲིས་པ་ལས། དོན་དངོས་ཐོག་བུ་མོ་དེ་འདྲ་ཞིག་མེད་ལ་ཚོར་བ་དེ་འདྲ་ཞིག་ཀྱང་མེད་པ་དགོངས་འཇགས་འཚལ། །