Wednesday, October 10, 2012

བཀྲ་ཤིས་པའི་ཁ་བཏགས་ཁྱོད་ལ་ཕུལ།


བཀྲ་ཤིས་པའི་ཁ་བཏགས་ཁྱོད་ལ་ཕུལ།

 

རིང་ནས་འགྲོགས་ཤིང་འདྲིས་པའི་ངེས་པ་དོན་གྱི་རིགས་པ་སྨྲ་བ་བདག་གི་འཛིན་གྲོགས་རྒྱལ་ཐང་ཕུན་ཚོགས་བརྩོན་འགྲུས་ལགས་ཀྱི་དགེ་བཤེས་གཏོང་སྒོའི་རྟེན་འབྲེལ་ལ་འཚམས་འདྲི་མཚོན་བྱེད་དུ།
  
བདེན་གཉིས་དབྱེར་མེད་ངོ་བོ་རོ་གཅིག་ཏུ།།
འཆར་བའི་ཟག་མེད་ཐུགས་ཀྱི་ཀློང་ཡངས་ནས།།
སྒྱུ་མའི་ཐུགས་རྗེ་ཆེན་པོའི་འོད་ཞགས་ཀྱིས།།
གང་ཁྱེད་ནམ་ཡང་ལྷོད་པར་མ་གྱུར་ཅིག། 

བློ་གསལ་མཁས་མང་འདུས་པའི་གླིང་ཆེན་ན།།

འཇམ་དབྱངས་ཡབ་ཡུམ་སྙིང་ཁར་ཞུགས་པ་ཡིས།།
ཕྱི་ནང་ཤེས་བྱ་རིག་པའི་གནམ་གྱི་འཕང་།།
ཤེས་རབ་རལ་གྲི་རྣོན་པོས་དུམ་བུར་བཅད།།

ངག་དབང་དབྱངས་ཅན་ལྷ་མོའི་ལྐོག་སྲུབ་ནས།།
ཛམ་ལྷར་བཅོས་མའི་འཛུམ་གྱི་བསླུ་བྲིད་ཀྱིས།།
ནོར་གྱི་ཐིག་འགའ་དལ་གྱིས་འཇོ་བ་ཡིས།།
དགེ་བཤེས་གཏོང་སྒོའི་སྒོ་འཕར་ཡངས་པོར་ཕྱེ།།
འཕགས་བོད་བསྟན་བཅོས་དུ་མར་དེབ་འབུ་བཞིན།།
མིག་གི་ཡུལ་ལས་རིང་དུ་མ་བྲལ་པས།།
མི་རྟག་སྒྱུ་མའི་ཚུལ་ལ་ཡིད་ཆེས་འདིས།།
ནོར་ཐིག་འགའ་ལ་སྨོན་པའི་གོ་སྐབས་འཕྲོག།
དེའི་ཕྱིར་ཁྱོད་ཉིད་རྣམ་སྲས་བང་མཛོད་ལ།།
འགྲན་པའི་ནོར་གྱི་ཆར་པ་ཕབ་གྱུར་ཀྱང།།
ཁ་ནས་འཛུམ་གྱི་སོ་འཕྲེང་བསྟན་ཙམ་ལས།།
ཐུགས་རྗེ་ལེགས་སོ་ཞུ་འདོད་སེམས་ན་མེད།།

ཤོག་དཀར་ངོས་ལ་དམར་ནག་མཚོན་རིས་ཀྱིས།།

བཀོད་པའི་ཤོག་ལྷེ་ནར་མོ་ཀུན་ལ་ཡོད།།
མིང་གིས་བཏེགས་པའི་ཤོག་བུ་སྐམ་པོའི་འོག།
གང་དུ་འདུར་རྒྱུགས་རྩེན་པ་ཀུན་གྱིས་ཤེས།།

དེ་ལྟར་ན་ཡང་རིགས་པའི་གྲོགས་པོ་ཁྱོད།།

གང་ཁྱོད་ཕེབས་པའི་ཤུལ་ལམ་རིང་མོ་དེར།།
ཐལ་འཚུབ་དྲག་པོས་ཇི་ཙམ་བདས་ན་ཡང་།།
རྡོ་ལ་བརྐོས་པའི་རྐང་རྗེས་གསུབ་ནུས་མིན།།

རིགས་པའི་གྲོགས་ཁྱོད་གང་གི་ལོ་རྒྱུས་ཀྱི།།

ཤོག་ལྷེ་རེ་རེ་དལ་གྱིས་བསྒྱུར་བ་ན།།
པགས་ཀྱིས་བཟོས་པའི་སྒྲོ་བ་མཁྲེགས་པོའི་ནང་།།
ནོར་བུ་འབུམ་གྱིས་ཁེངས་པའི་ཚུལ་དུ་སྣང་།།

སྣབས་ལུད་སྦགས་པའི་དཔེ་ཁུག་རྒྱབ་ཁུར་ནས།།

བློ་གསལ་སློབ་གླིང་དེ་ན་གང་ཁྱོད་དང་།།
ཤེས་རིག་མེ་ཏོག་བཏུས་པའི་འཚང་ཁའི་ཁྲོད།།
ཞུགས་པའི་སྐལ་བཟང་ཐོབ་པ་ཨེ་མ་རྨད།།

ཐལ་སྐམ་ཐལ་མོ་རྡབ་པའི་འུར་སྒྲ་དང་།།

རློམ་པའི་རྐང་ཟུང་རྡབ་པའི་ཐལ་འཚུབ་ཁྲོད།།
ངེས་དོན་རིགས་གྲོགས་ཁྱོད་འདྲ་མཇལ་བའི་ཚེ།།
སྙིང་ནས་ཡིད་སྨོན་མ་ཤོར་རང་དབང་བྲལ།།

དབྱིན་བོད་རིག་པའི་གཞུང་ལུགས་དུ་མ་ལ།།
འཆད་རྩོད་རྩོམ་པའི་མིག་ཟུང་གཡོ་བ་ཡིས།།
དེང་རབས་མཁས་རློམ་དུ་མའི་མགོ་བོ་རུ།།
ཁོ་བོས་ཁེངས་པའི་སྐྱིལ་ཀྲུང་བཅའ་ན་ཡང་།།

ས་འོག་གཏེར་དུ་སྦས་པའི་གསེར་མཆོག་བཞིན།།

དོན་དམ་འོད་མདངས་ཕྱི་རུ་འཕྲོ་བ་ན།།
ཁོ་བོའི་ཁེངས་པའི་བྱེ་ཁང་དལ་ཞིག་ནས།།
འཁོན་དང་ཡིད་སྨོན་འདྲེས་པའི་སྣང་བ་བྱིན།།

མགོ་མཇུག་ལྡོག་པའི་སྤྱི་ཚོགས་རལ་པོ་འདིར།།

ཀྲི་ཀྲི་རྒྱལ་པོའི་ལྟས་ངན་དུས་བབ་ནས།།
ཁྱི་རྒན་ཡ་སོ་ངོམས་པའི་བསྐལ་ངན་འདིར།།
གྲོགས་མཆོག་ཁྱོད་འདྲ་ཡོད་པས་ཞེ་བློ་དྲོ།།

དེའི་ཕྱིར་ཁྱོད་ཉིད་འདུལ་བའི་རྨང་གཞིའི་སྟེང་།།

ཚད་མའི་ལམ་ནས་དབུ་མའི་ལུགས་འཆང་ཞིང་།།
ཕར་ཕྱིན་སྤྱོད་པས་སེམས་རྒྱུད་ཡོངས་སྨིན་ནས།།
མངོན་པ་མཛོད་ཀྱིས་ཐུགས་རྒྱུད་ཕྱུག་པར་མཛོད།།

ད་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ།།

ཚད་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ཞིང་།།
ཚངས་སྤྱོད་རིགས་གྲོགས་དང་མི་འབྲལ་ཞིང་།།
ཟུང་འཇུག་རྒྱལ་སར་བསྙེག་ལ་བརྩོན་གྱུར་ཅིག།

གང་ཁྱོད་དགའ་སྟོན་བཟང་པོའི་རྟེན་འབྲེལ་དུ།།

ཡིད་སེམས་དགའ་བའི་འཚམས་འདྲི་ཞུ་བའི་ཚིག།
ང་ཡི་ཀླད་པ་ཆུང་ངུའི་ཚིག་མཛོད་ནང་།།
འདི་ཙམ་ཞིག་ལས་རྙེད་པ་གོ་སྐབས་བྲལ།།

ཞེས་པ་འདི་ནི་གང་གི་རིགས་པའི་གྲོགས།།

ཐ་ཤལ་ཁོ་བོས་སེམས་མདོག་མཚོན་སླད་དུ།།
ཁ་བཏགས་དཀར་པོས་ཕྱི་ནང་ཡོངས་བཏུམ་ནས།།
བཀྲ་ཤིས་བདེ་ལེགས་སྟོང་གིས་བརྒྱན་ཏེ་ཕུལ།།
༢༠༡༠།༡༡།༢༦ཉིན་བློ་གསལ་གླིང་དཔེ་མཛོད་ཁང་ནས།