Sunday, January 8, 2017

སྔོན་འགྲོའི་གསུང་ཆོས་ཟིན་བྲིས། ༢༠༡༧/ ༡/ ༥ ནས་༨བར།



                             མདོ་དོན་དངོས་བསྟན་དང་སྦས་དོན།
          དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལས་ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་བཅུ་བདུན་དུ་བཤད་པ་པ་ལས་ཤེས་རབ་སྙིང་པོ་ནི་ཤེར་ཕྱིན་ཉེར་ལྔ་པ་ཞེས་པ་དེ་ཡིན་ཞིང་། དེ་ལྟ་བུའི་སངས་རྒྱས་ཀྱི་བཀའི་དགོངས་པ་ལ་དངོས་བསྟན་གྱི་རིམ་པ་ཞིག་དང་། སྦས་དོན་གྱི་རིམ་པ་གཉིས་ལས། དངོས་བསྟན་གྱི་དབང་དུ་བྱས་ན། མདོ་ལས་གཞི་ཡི་རྣམ་གཞག་ཕུང་ཁམས་སྐྱེད་མཆེད་ལ་སོགས་པ་ལ་དང་། ལམ་གྱི་རྣམ་གཞག་ཕར་ཕྱིན་དྲུག་དང་། བསྡུ་བའི་དངོས་པོ་བཞི་སོགས་དང་། འབྲས་བུའི་སྐབས་ཀྱི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སྟོང་གཞི་ཆོས་ཅན་གྱི་ཚུལ་དུ་གསུངས་ཤིང་། དེ་རྣམས་ཐམས་མིང་ཙམ་དང་བརྡ་ཙམ་གྱི་ཚུལ་གསལ་བར་གསུངས་པས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཡིན། དེ་ནི་གཙོ་བོར་མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་སོགས་ཀྱིས་བཤད་ཅིང་། ང་ཚོའི་སེམས་ཀྱི་བདེན་འཛིན་ལ་འཇིགས་སྣང་ཏོག་ཙམ་བསྐུལ་ཐུབ་པ་དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་བཀའ་དྲིན་ཡིན། དེ་ནི་ཟབ་མོ་ལྟ་རྒྱུད་ཟེར།
  རྒྱ་ཆེ་སྤྱོད་རྒྱུད་ནི་གཙོ་བོར་མགོན་པོ་བྱམས་པས་མངོན་རྟོགས་རྒྱན་ལས་གསལ་བར་བཤད་ཅིང་། དེའི་འགྲེལ་བ་མང་དུ་ཡོད་པ་ལས་འགྲེལ་བ་དོན་གསལ་ནི་ལེགས་ཤོས་ཡིན་ལ། ཕར་ཕྱིན་ལྟ་མཁན་ཚང་མས་འདི་གཙོ་བོར་བྱས་ནས་ལྟ་གི་ཡོད།

                             བདེ་སྐྱིད་ནི་ནང་ནས་ཡོང་བ་ཞིག་རེད།
          ང་ཚོས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་བསམ་པ་སྐྱེད། ང་ཚོ་རྣམ་དཔྱོད་ལྡན་པ་ཞིག་རེད། སེམས་མ་སྐྱིད་པ་དེ་ནི་སེམས་མ་དུལ་བའི་དབང་གིས་ཡོང་གི་ཡོད་པ་དང་། སེམས་དུལ་བ་ལ་བདེ་སྐྱིད་མི་འདོད་ན་ཡང་ཡོང་ངེས།  དེ་ལྟ་བུའི་སྙིང་སྟོབས་ཆེན་པོ་ཞིག་སྐྱེད་ནས། གཞན་ཕན་གྱི་བློ་བཟང་པོ་ཞིག་སྐྱེད་ན་རང་ལ་བདེ་སྐྱིད་ཡོང་ངེས་ཡིན། ཤེས་རབ་ཀྱི་གྲོགས་དང་བཅས་པའི་གཞན་ཕན་གྱི་བློ་བཟང་པོ་ཞིག་སྐྱེད་དགོས།
 
                             སངས་རྒྱས་ཆོས་ཚོགས་མའི་སྟོང་ཉིད་བསྟན་ཚུལ།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
ཞེས་པའི་བདག་ཅེས་པའི་ཚིག་དེ་ལས་བསྟན་པ་ཡིན།
ཕུང་མིན་ཕུང་པོ་ལས་གཞན་མིན།།
དེ་ལ་ཕུང་མིན་དེ་ལྡན་མིན།།
བདག་ཅེས་བྱ་བ་གང་ཞིག་ཡིན།།
བདག་ཅེས་བྱ་བ་གང་ཞིག་ཡིན།།
ཞེས་པའི་ཚིག་དེ་ཐོན་ཡོང་དུས་གང་ལའང་མ་ལྟོས་པའི་བདག་ཅེས་པ་ཞིག་མེད་སྙམ་པའི་ཐོག་ནས་བསམ་བློ་གཏོང་ན་གོ་བ་གཏིང་ཟབ་ཅིག་རྙེད་ཐུབ།

                             གང་ཟག་སྒོས་བཙན་དང་བསྟན་པ་སྤྱི་བཙན།
མདོ་ཕྱོགས་རྣམས་བསྟན་པ་སྤྱི་བཙན་ཡིན། གསང་སྔགས་ནི་གང་ཟག་སྒོས་བཙན་ཡིན། གདུལ་བྱ་སོ་སོའི་ཁམས་མོས་ལ་གཞིགས་ནས་གསུངས་པའི་ཆོས་ཡིན་པས་གང་ཟག་སྒོས་བཙན་ཡིན། གསང་སྔགས་ཀྱི་ཆོས་ཉམས་ལེན་བྱེད་པར་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་ཞིག་ངེས་པར་དགོས་ཏེ། དེ་ལྟར་ཡོད་ན། བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་སྒོ་ནས་ལྷ་སྒོམ་ན་རྣམ་མཁྱེན་གྱི་རྒྱུར་འགྲོ་བ་ཡིན་ལ། སྟོང་ཉིད་རྟོགས་པའི་ལྟ་བས་རྩིས་ཟིན་པའི་ཐོག་ནས་གསང་སྔགས་ཉམས་སུ་ལེན་ན། སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་ཞིག་ཡོང་ངེས་ཡིན།

                   དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས།

ད་ལྟའི་དུས་སྐབས་འདིར་སྔར་གྱི་རྒྱུན་དེད་ནས་འགྲོ་བ་ཙམ་གྱིས་མི་ཕན་པར་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱེད་དགོས་པའི་དུས་ལ་སླེབས་ཡོད།
          དགེ་སློང་་དག་གམ་མཁས་རྣམས་ཀྱིས།།
སྲེག་བཅད་བརྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟགས་ལ་ང་ཡི་བཀའ།།
བྱང་བར་བྱ་ཡི་གུས་ཕྱིར་མིན།།
ཞེས་གསུངས་པ་བཞིན་རིགས་པས་གནོད་པ་མེད་ན་སྒྲ་ཇི་བཞིན་པར་ཁས་ལེན།རིགས་པས་གནོད་པ་ཡོད་ན་སྒྲ་ཇི་བཞིན་པར་ཁས་མི་ལེན་པར་ཞིབ་འཇུག་བྱེད་དགོས།  དུས་རབས་ ༢༡ པའི་ནང་པ་ནི་ཞིབ་འཇུག་བྱེད་དགོས།  ཞིབ་འཇུག་བྱེད་པ་ལ་སློབ་སྦྱོང་བྱེད་དགོས།
བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།།
ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག།། ཅེས་གསུངས་པ་ནང་བཞིན་བྱེད་དགོས།
མདོར་ན། ནང་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཆེ།

                             སྒོམ་རིམ་བཤད་ལུང་གང་ནས་ཞུས་པའི་ལོ་རྒྱུས།
གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བང་སྒྲིག་པར་ཕན་ཐོགས་ཆེན་པོ་ཡོད་པས་སྒོམ་རིམ་ཞུ་
སྤྱོད་འཇུག་ནི་ཁུ་ནུ་བླ་མ་རིན་པོ་ཆེའི་དྲུང་ནས་ཞུ་བ་དང་། ས་སྐྱའི་བླ་མ་སངས་རྒྱས་བསྟན་འཛིན་ལས་ཞུས།
                                      
ང་ཚོ་ཚང་མ་གཅིག་པ་རེད།
ང་ཚོ་ཚང་མ་སྐྱེས་སྟངས། ཤི་སྟངས། གསོན་པའི་རིང་ཉོན་མོངས་རང་ཆས་སུ་ཡོད་ཅིང་། བྱང་སེམས་དང་ཕན་སེམས་སོགས་ཀྱང་རང་ཆས་སུ་ཡོད་པས། ང་ཚོ་ལ་དམིགས་བསལ་གྱི་ཁྱད་པར་གང་ཡང་མེད། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་པ་ཡིན། སེམས་མ་ཞི་བར་བྱེད་པའི་ཉོན་མོངས་ཡོད་པའང་གཅིག་གྱུར་ཡིན་པ་དང་། སེམས་ཞི་བར་བྱེད་པའི་གཞན་ཕན་གྱི་རྩ་བ་ཡོད་པའང་གཅིག་གྱུར་ཡིན། དེ་ལྟར་གཅིག་གྱུར་ཡིན་པས་ངས་གཅིག་བཤད་པ་དེ་ཁྱེད་རྣམ་པར་ཕན་གྱི་ཡོད། གལ་ཏེ་གཅིག་པ་མིན་ན་གཅིག་གིས་བཤད་ནས་གཅིག་ལ་ཕན་སྟངས་དེ་ཙམ་མེད། ཞི་བ་ལྷ་ནི་བདེན་འཛིན་དང་རང་གཅེས་འཛིན་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་མཁན་ཞིག་ཡིན་པ་བཞིན་ང་ཚོས་ཀྱང་དེ་བཞིན་བྱེད་དགོས།
དཀའ་ངལ་ཡོད་ཚད་ཀྱི་རྒྱུ་རྐྱེན་ནི་སེམས་མ་དུལ་བའི་དབང་གིས་ཡོང་གི་ཡོད་པས། རང་གིས་སེམས་ནི་ཡོངས་སུ་འདུལ།། ཞེས་གསུངས་པ་བཞིན། སེམས་མ་ཞི་བར་བྱེད་པའི་ཉོན་མོངས་ལ་ཁ་གཏད་གཅོག་ཐབས་ཀྱི་ལམ་འདི་ནི་སངས་རྒྱས་པའི་དམིགས་བསལ་གྱི་ཁྱད་ཆོས་ཡིན།

མིའི་རང་བཞིན་བྱམས་བརྩེ་ཡིན་པའི་ཚན་རིག་གི་དཔང་རྟགས།
བྱིས་པ་བཙས་ནས་ཟླ་བ་ལྔ་དྲུག་ཙམ་ལས་མ་སོན་པའི་བྱིས་པ་དེ་དག་ལ་གཞན་ཕན་མཚོན་པའི་པར་རིས་སྟོན་དགའ་བའི་རྣམ་འགྱུར་སྟོན་པ་དང་། གནོད་པ་མཚོན་པའི་དཔེ་རིས་སྟོན་ན་མི་དགའ་བའི་རྣམ་འགྱུར་སྟོན་པ་འདིའི་ཐོག་ནས་མི་ཡི་རང་བཞིན་དེ་ནི་བྱམས་བརྩེ་དང་གཞན་ཕན་ཡིན་པའི་ར་སྤྲོད་གསལ་བོར་བྱས།
         
          ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་གོང་སྤེལ།
མིའི་རང་བཞིན་བྱམས་བརྩེ་ཡིན་ན། དེ་ལ་ཆུ་ལུད་དྲོད་གཤེར་གྱིས་སྐྱེད་སྲིང་བྱེད་དགོས་པ་བཞིན་མིའི་རང་བཞིན་དེ་ཤེས་ཡོན་གྱི་ཐོག་ནས་སྐྱེད་སྲིད་བྱེད་ན་འཛམ་གླིང་སྤྱི་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་ཐུབ། དེ་ཡང་། རྣམ་དཔྱོད་ཀྱི་ཐོག་ནས་བྱམས་བརྩེའི་དགེ་ཕན་དང་། དེའི་ལྡོག་ཕྱོགས་ཁོང་ཁྲོའི་ཉེས་དམིགས་སོགས་ཞིབ་ཏུ་བསླབས་ནས་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དེ་ངོ་སྤྲོད་ལེགས་པར་བྱེད་དགོས་པའི་དུས་ལ་སླེབས་ཡོད།

                             གཅིག་གྱུར་གྱི་འདུ་ཤེས།
ང་ཚོ་ཚང་མ་འདོད་ཀྱང་རུང་མ་འདོད་ཀྱང་རུང་ང་ཚོ་ཚང་མ་གཅིག་གྱུར་ངང་འཚོ་དགོས་སྟབས། སྔོན་མའི་ལྟ་བ་ཞིག་ཁྱེར་ནས་ང་ཚོ་དང་ཁོང་ཚོ་ཟེར་ནས་ལྟ་བ་འཁྱེར་མི་རུང་། དེ་ཡང་། ཆོས་ལུགས། མི་རིགས། ཤ་མདོག དབུལ་ཕྱུག་སོགས་ཀྱི་དབྱེ་འབྱེད་མང་དུ་བཏང་བའི་འབྲས་བུར་མི་མང་པོ་ཞིག་ལ་དཀའ་ངལ་ཇི་ཙམ་འཕྲད་བཞིན་ཡོད། དེ་ལྟ་བུའི་དཀའ་ངལ་ཡོད་སྟབས་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གཅིག་གྱུར་གྱི་འདུ་ཤེས་ཡོད་པའི་སྟེང་ནས། བྱམས་བརྩེ་ངོ་སྤྲོད་དང་། བྱམས་བརྩེ་བདེ་སྐྱིད་ཀྱི་རྩ་བ་ཡིན་པའི་གནས་ཚུལ་ངོ་སྤྲོད་གསལ་བར་བྱས་ན་འཛམ་གླིང་འདིའི་ནང་གི་དཀའ་ངལ་ཉུང་དུ་འགྲོ་ངེས་ཡིན།
བཟའ་ཚང་ཞིག་ཡིན་ཡང་། གཅིག་གིས་གཅིག་ལ་སེམས་གཏིང་ནས་བརྩེ་བ་ཡོད་ན་བདེ་སྐྱིད་ཡོང་གི་རེད། སེམས་གཏིང་གི་བརྩེ་བ་མེད་ན། མཉམ་དུ་བསྡད་ནི་བསྡད་དགོས། གཅིག་གིས་གཅིག་ལ་དོགས་པ་དང་ཕྲག་དོག་བྱེད་ན། སྐྱིད་པ་ཞིག་ཁྱོན་ནས་ཡོང་གི་མེད།

                   དགྲ་ཞེས་པ་དེ་རང་གི་བློ་ལ་མ་བབ་ནས་བྱུང་བ་ཞིག་རེད།
དགྲ་ཞེས་པ་དེ་ཡང་རང་གི་བློ་ལ་མ་བབ་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས། སྐྱེས་མ་ཉིད་ནས་དགྲ་གཏན་ནས་མིན། རང་སོ་སོའི་བྱེད་སྟངས་མི་

                   འདོད་ཆགས་དང་མ་འདྲེས་པའི་བྱམས་བརྩེ།
 
ང་ཚོ་ཚང་མས་འདོད་ཆགས་དང་མ་འདྲེས་པའི་བྱམས་བརྩེ་སྤེལ་དགོས་པ་དང་། དེ་ཡང་། ང་ལ་ཡག་པོ་བྱས་སོང་། ཟེར་ནས་ང་དང་ངའི་རྒྱུ་མཚན་དུ་བྱས་པའི་བརྩེ་བ་ནི་འདོད་ཆགས་དང་འདྲེས་པའི་བྱམས་བརྩེ་ཡིན་པ་དང་། གང་ཟག་ཕ་རོལ་པོ་དེ་རང་དང་འདྲ་བར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཞིག་ཡིན་པའི་ཆ་ནས་བརྩེ་བ་བྱེད་པ་ནི་འདོད་ཆགས་དང་མི་འདྲེས་པའི་བྱམས་བརྩེ་ཡིན། དེ་ལྟ་བུའི་སློབ་སྦྱོང་མང་ཙམ་སྤྲོད་ན་མི་རབས་རྗེས་མ་འདི་བཞིན་བྱམས་བརྩེའི་མི་རབས་ཤིག་དང་། materialistic གཅིག་པུའི་ཐོག་ལ་མི་འགྲོ་མཁན་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཡོད།

                             དབང་ཤེས་དང་ཡིད་བློའི་བདེ་བ།
དབང་ཤེས་ཀྱི་བདེ་བ་ནི་མི་བརྟན་ཞིང་ཡུན་ཐུང་བ། ཡིད་བློའི་བདེ་བ་ནི་བརྟན་ཞིང་ཡུན་རིང་བ་ཞིག་ཡིན་པས། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་དུད་འགྲོ་དང་མི་འདྲ་བར་དབང་ཤེས་ཁོ་ནའི་བདེ་བ་ལ་མི་ཆགས་པར་ཡིད་བློའི་བདེ་སྐྱིད་འཚོལ་དགོས་པ་ནི་ཧ་ཅང་གལ་ཆེ། དབང་ཤེས་ཀྱི་བདེ་ནི་ཡུལ་དང་འཕྲད་པའི་སྐབས་དེའི་བདེ་བ་ཡོད་པ་ལས་ཡུལ་དེ་འགག་པ་དང་དེའི་བདེ་བ་ཡང་འགག་འགྲོ་བ། ཡིད་བློའི་སྟེང་ནས་བྱམས་པ་དང་བརྩེ་ཡོད་ན་ཡུལ་ལ་དེ་ཙམ་མི་ལྟོས་པ་སེམས་ཀྱི་བདེ་སྐྱིད་དུས་རྟག་ཏུ་གནས་ངེས་ཡིན།

                             མི་གཅིག་གྱུར་འདུ་ཤེས་ཀྱི་ཕན་ཡོན།
ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཡོད་པས། དཔོན་པོ་ཞིག་ཐུག་པ་དང་དབུལ་པོ་ཞིག་ཐུག་པ་གཅིག་གྱུར་ཡིན། ང་རྒྱལ་བ་རིན་པོ་ཆེ་ཡིན། ཟེར་ནས་རྩ་བ་ཆེན་པོ་ཡིན་བསམས་ནས་བསྡད་ན་རྒྱལ་བ་རིན་པོ་ཆེ་གཅིག་ལས་མེད་པས་གྲོགས་མེད་ཁེར་རྐྱང་དུ་བསྡད་དགོས། ང་མི་གཅིག་པ་ཡིན་བསམས་ནས་བསྡད་ན་གཡས་ལ་གྲོགས་པོ། གཡོན་ལ་གྲོགས་པོ་ཡོད་པས། མི་གཞན་ལ་ཕན་མིན་མི་ཤེས་ཀྱང་ང་ལ་ནི་ཕན་ཐོགས་ཧ་ཅང་ཆེན་པོ་འདུག    མི་གཅིག་གྱུར་ཡིན་པའི་འདུ་ཤེས་ནི་ངའི་

                                      འཛུམ་མདངས་ཀྱི་ཕན་ཡོན།
མི་སུ་ཞིག་ཐུག་ཀྱང་གད་མོ་བགད་པ་དང་། ནང་ཚགས་བྱེད་པས་ང་ལ་ཕན་ཐོགས་ཆཻན་པོ་ཡོད།
ཕར་ལ་གད་མོ་བགད་ནའང་ཚུར་ལ་གད་མོ་བགད་མཁན་ཐུག་ན་ཨི་ཙི་ཁུ་ལུ་རྩེ་གི་ཡོད། འཛམ་གླིང་ས་ཕྱོགས་གང་དུ་འགྲོ་ཡང་བྱེད་སྟངས་ང་ལ་ནི་ཕན་ཐོགས་ཆེན་པོ་འདུག
དེ་རིང་ནས་བཟུང་། ཚང་མས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། བརྩེ་བ། རྟག་ཏུ་འཛུམ་ཤིག་ཤིག་ངང་སྡོད་དགོས་བསམ་པ་དེ་དུས་རྟག་ཏུ་དྲན་དགོས། རྒྱུན་དུ་གདོང་ནག་པོ་འདྲ་སྟོན་མཁན་དེ་དག་ཀྱང་བཀའ་ཆོས་ཞུས་ནས་ཕར་འགྲོ་ནས་འཛུམ་ཤིག་ཤིག་ངང་སྡོད་དགོས་ཞེས་ཞལ་ཞོབ་དང་སྦྲགས་ནས་གསུངས་སོ།།

                   ཆོས་ལུགས་མཐུན་སྒྲིལ།
ཆོས་ལུགས་ཚང་མས་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་མང་པོ་ཡོད་ཀྱང་བྱམས་བརྩེའི་ཉམས་ལེན་བྱེད་པར་གཅིག་གྱུར་ཡིན་པ་དང་། བྱམས་བརྩེ། བཟོད་པ། ཆོག་ཤེས། རང་ཁྲིམས་ཀྱི་ཉམས་ལེན་གཅིག་གྱུར་ཡིན་པའི་ཆ་ནས་ཆོས་ལུགས་ཚང་མ་མཐུན་སྒྲིལ་བྱེད་རྒྱུ་དེ་ནི་ཧ་ཅང་གལ་ཆེ།

                             ཆོས་ལུགས་ཀུན་ལ་གུས་ཞབས།
འཛམ་གླིང་ནང་གི་ཆོས་ལུགས་ཚང་མས་རང་རང་གི་གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བའི་དབང་གིས་ལྟ་གྲུབ་མི་འདྲ་བ་མང་པོ་གསུངས་ཡོད་ཀྱང་། ཆོས་ལུགས་ཐམས་ཅད་ཀྱིས་མི་ལ་ཕན་པ་རེད་བསམས་ནས་བསམ་པ་རྣམ་དག་གིས་གུས་ཞབས་བྱེད་དགོས།
 
                             བདག་དང་བདག་མེད་ལྟ་བའི་ཕན་ཡོན་སོ་སོ་བ།
ཁྱེད་ཉིད་ཀྱིས་བདག་འདོད་པས་དེས་ཁྱེད་ལ་ཕན་པ་དང་། ངས་བདག་མེད་ལྟ་བ་འདོད་པས་དེས་ང་ལ་ཕན་པས་ངེད་གཉིས་ནི་ཆོས་ཀྱི་སྤུན་ཟླ་ཡིན། ཁྱེད་ཀྱིས་ཕུང་པོ་ལས་གཞན་པའི་བདག་ཡོད་པར་འདོད་པ་དང་། ངས་ཕུང་པོ་ལས་གཞན་པའི་བདག་མེད་པར་འདོད་པས་དེ་ནི་སོ་སོ་སོ་སོའི་ཇུས་གཏོགས་རེད། བྱམས་པ་དང་བརྩེ་བ། བཟོད་པ་སོགས་ནི་གཅིག་གྱུར་ཡིན།
ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ན་གསོད་རེས་ཚུན་ཆད་ནས་གཏོང་གི་ཡོད་པས། དེ་ནི་ཤིན་ཏུ་ནས་ཐབས་སྐྱོ་བོ་ཡིན་པ་དང་། ང་ཚོས་ཆོས་ལུགས་ཚང་མ་གཅིག་གྱུར་དང་། མཐུན་སྒྲིལ་ཡོང་བར་ནུས་ཤུགས་གང་ཡོད་འདོན་པའི་དུས་ལ་སླེབས་ཡོད་པའི་ཐོག་ནས་རིམ་པ་གཉིས་པ་ལེགས་པར་གྲུབ།

                             བོད་པ་ཞིག་ཡིན་པའི་འགན་འཁྲི།
༢༠༡༡ ནས་སྲིད་ཀྱི་མགོ་འཁྲིད་མཚམས་བཞག་པ་དང་ད་ལྟ་ཁོར་ཡུག ཆོས། རྣམས་ཉམས་པར་སོར་ཆུད། མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། དེ་བཞིན་སེམས་ཁམས་རིག་པ། ཚད་མ་རིག་པས་འཛམ་གླིང་སྤྱི་ལ་ཕན་ཐོགས་སྒྲུབ་པའི་ཐབས་ལ་བརྩོན་རྒྱུ་ཡིན།
དེ་དག་གི་གཞི་རྩ་བོད་ཡིག་ཉམས་པར་མེད་པར་ཡར་རྒྱས་གཏོང་ཐབས་བྱེད་རྒྱུ་དེ་ནི་ང་མ་ཤི་བར་གྱི་ལས་འགན་ཡིན་ཞེས་གསུངས།

                             ད་འཐོམ་སངས་དགོས།
ང་ཚོ་ད་འཐོམ་སངས་ནས་འཛམ་གླིང་གི་གདིང་ཆ་ཡངས་ཤིང་རྒྱ་ཆེ་བའི་སྟེང་ནས་གནས་ཚུལ་སྤྱི་ལ་ལྟ་ཐུབ་པ་ཞིག་དགོས་པས། ནམ་རྒྱུན་གྱི་འཆར་ཅན་གཅིག་པུ་ལ་མགོ་འཐོམས་ནས་མ་བསྡད་པར་ཚན་རིག་གིས་གཙོས་པའི་རིག་གནས་མང་པོ་ཞིག་སྦྱོང་དགོས་པ་དང་། ཤེས་དགོས་པའི་དུས་ལ་སླེབས་ཡོད།
 
                   ཐེག་དམན་ཟེར་ནས་མཐོང་ཆུང་བྱེད་མི་རིགས་པ།
སངས་རྒྱས་པའི་ཆོས་དེ་ལ་ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་དང་། པ་ལའི་ཆོས་བརྒྱུད་བཅས་གཉིས་ཡོད་ཅིང་། དེང་སང་ཁ་ཤས་པ་ལའི་ཆོས་བརྒྱུད་ལ་ཐེག་དམན་ཟེར་ནས་མཐོང་ཆུང་བྱེད་མི་རིགས་ཏེ། ཁོང་རྣམ་པའི་ཕྱི་འདུལ་བའི་ཉམས་ལེན་བླ་ན་མེད་པ་ཞིག་ཡོད་པའི་སྟེང་བདག་མེད་པའི་ལྟ་བ་དང་། ཞི་ལྷག་གི་ཉམས་ལེན་དམིགས་བསལ་ཡོད་པ་དང་། ཁོང་ཚོས་ཀྱང་ཤེར་ཕྱིན་སངས་རྒྱས་ཀྱི་བཀའ་མིན་ཞེས་བརྗོད་པའང་མི་རིགས། དེས་ན། ཕྱི་འདུལ་བའི་ཉམས་ལེན། ནང་བྱང་སེམས་ཀྱི་ཉམས་ལེན། གསང་བ་གསང་སྔགས་ཀྱི་ཉམས་ལེན་བཅས་འོག་མ་འོག་མ་གོང་མ་གོང་མའི་གཞི་རྟེན་དུ་བྱས་ནས་སྒོམ་དགོས་པ་ལས། འོག་མའི་རྨང་གཞི་མེད་པར་གོང་མ་ཡོང་ཐབས་མེད།
                   སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ལོ་རྒྱུས་ཧྲག་བསྡུས།
དུས་རབས་བརྒྱད་པའི་སྐབས་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསམ་ཡས་གཙུག་ལག་ཁང་གི་ནང་དུ། བསམ་གཏན་གླིང་། བདུད་འདུལ་སྔགས་པ་གླིང་། སྒྲ་སྒྱུར་ལོ་པཎ་གླིང་། རྣམ་དག་ཚུལ་ཁྲིམས་གླིང་ཞེས་གླིང་བཞི་འཛུགས་སྐྲུན་བྱས་པའི་ནང་ནས་བསམ་གཏན་གླིང་དུ་རྒྱའི་མཁན་པོ་མང་པོ་ཞིག་གིས་བསམ་གཏན་སྒོམ་པ་ལས་ཐོས་བསམ་མི་དགོས་པའི་ལྟ་བ་སྤེལ་བའི་སྐབས། མཁན་ཆེན་ཞི་བ་འཚོའི་སློབ་མ་ཀ་མ་ལ་ཤི་ལ་གདན་དྲངས་ཏེ། བོད་དུ་ལྟ་བ་ངན་པ་སེལ་བ་དང་ལྷན་དུ་སྒོམ་རིམ་ཐོག་མཐའ་བར་གསུམ་ཞེས་པ་དེ་མཛད་པ་རེད།
                   སྒོམ་རིམ་ཐོག་མཐའ་བར་གྱི་བསྟན་དོན།
སྒོམ་རིམ་ཐོག་མས་ཞི་གནས་ཀྱི་རྣམ་གཞག་དང་། སྒོམ་རིམ་ཐ་མས་ལྷག་མཐོང་གི་རྣམ་གཞག སྒོམ་རིམ་བར་པས་ཞི་ལྷག་ཟུང་འབྲེལ་དུ་བསྟན་པ་ཡིན་པས། སྒོམ་རིམ་བར་པ་འདི་ཧ་ཅང་གིས་གནད་ཆེ།
                   དཔྱད་སྒོམ་དང་འཇོག་སྒོམ།
དཔྱད་འཇོག་གི་སྒོམ་གཉིས་ཀ་གལ་ཤིན་ཏུ་ཆེ་ཡང་། སེམས་འགུལ་ཐེབས་པ་ཞིག་ཡོང་བ་ལ་དཔྱད་སྒོམ་གལ་ཆེ་བར་གསུངས།
                   རྒྱུ་འབྲས་རྟེན་འབྲེལ་དང་རྟེན་ནས་བཏགས་པའི་རྟེན་འབྲེལ།
སློབ་དཔོན་ཀ་མ་ལ་ཤི་ལའི་ཚད་མ་དེ་ཁོ་ན་ཉིད་ཀྱི་འགྲེལ་བ་ལས། རྒྱུ་འབྲས་རྟེན་འབྲེལ་སྒོམ་པ་ལས་ཕྱི་མའི་མངོན་མཐོ་འཐོབ་པ་དང་། བརྟེན་ནས་བཏགས་པའི་རྟེན་འབྲེལ་སྒོམ་པ་ལས་ངེས་ལེགས་ཀྱི་གོ་འཕང་འཐོབ་པར་གསུངས་པས་རྟག་ཏུ་རྟེན་ནས་བཏགས་པའི་རྟེན་འབྲེལ་ཕྲ་མོ་སྒོམ་པ་ལ་འཇུག་དགོས་པར་གསུངས།
                    
ཚན་རིག་པས་ཁོང་ཁྲོའི་ཉེས་དམིགས་བཤད་པ།
༸རྒྱལ་བ་རིན་པོ་ཆེའི་གྲོགས་པོ་ཨ་རིའི་ཚན་རིག་པ་དགུང་གྲངས་མཐོན་པོར་སོན་པ་ཞིག་ཡོད་པ་དེས། ང་ཚོ་ཁོང་ཁྲོའི་དབང་གིས་སེམས་འཁྲུག་པའི་སྐབས་ཁོང་ཁྲོ་ཟ་སའི་ཡུལ་དེ་ལ་ཆེས་མི་སྡུག་པ་ཞིག་སྣང་ཡང་། དེའི་བརྒྱ་ཆ་༩༩ ཁོང་ཁྲོ་ཟ་མཁན་གྱི་རྣམ་རྟོག་ལས་འབྱུང་བར་བཤད།
                   ཉི་སྣང་ལས་ཤེས་རབ་དང་སྙིང་རྗེའི་དམིགས་ཡུལ་གསུངས་པ།
སློབ་དཔོན་འཕགས་པ་གྲོལ་སྡེ་ཡིས་མཛད་པའི་ཉི་སྣང་ལས། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་པ་དང་། སྙིང་རྗེ་ཡིས་སེམས་ཅན་ལ་དམིགས་ཞེས་གསུངས་པ་འདི་གནད་འགག་ཆེ།
                   དེ་རིང་བཟུང་ནས་སྒོམ་རྒྱག་དགོས།
དེ་རིང་ནས་བཟུང་། སངས་རྒྱས་ཆོས་ཚོགས་མ་འདོན་པའི་སྟེང་ནས་བྱང་ཆུབ་ཀྱི་སེམས་དང་། སྟོང་པ་ཉིད་ཀྱི་ཐོག་སྒོམ་རྒྱག་མགོ་འཛུགས་དགོས་པའི་ལམ་སྟོན་གནང་།
          སྤྱོད་འཇུག་གསུངས་སྐབས་ཐོག་མར་ཤེས་རབ་ལེའུ་ནས་གསུངས་པ།
སྤྱོད་འཇུག་དབུ་འཛུགས་སྐབས་ཐོག་མར་ཤེས་རབ་ལེའུ་ལས། ཡན་ལག་འདི་དག་ཐམས་ཅད་ནི།། ཐུབ་པས་ཤེས་རབ་དོན་དུ་གསུངས། ཞེས་པའི་ཐད་ནས་བདེན་གཉིས་ཀྱི་ངོ་སྤྲོད་དང་། བདེན་པ་གཉིས་ཀྱི་རྣམ་གཞག་ལེགས་པོ་ཞིག་ངོ་འཕྲོད་ན་སངས་རྒྱས་ཀྱི་ཆོས་ཀྱི་བྲོ་ལ་རྙེད་ཐུབ་པར་དགོངས་ནས་བདེན་གཉིས་ཀྱི་རྣམ་གཞག་གསུངས།
                    
Quantum Physic དང་ནང་པའི་ལྟ་གྲུབ་བསྡུར་བ།
  ད་ཆ་ quantum physic གི་ཚན་རིག་པ་ཚོས་ཕྱི་གཟུགས་ཀྱི་དངོས་པོ་ཐམས་ཅད་ཡུལ་རང་གི་ངོས་ནས་གྲུབ་མེད་པར་ཐག་ཆོད་ཡོད། ཡིན་ཡང་། ཡུལ་ཅན་གང་ཟག་ལ་དེ་ཙམ་དཔྱད་པ་བྱས་མེད།  དེ་ལ observer ཞེས་བཤད་ཀྱང་། དེ་ནི་soul དང་འདྲ་བར་བདག་ཡོད་པ་རང་དུ་འཇོག་དགོས་པར་འགྱུར།
ཁོང་ཚོས་ཕྱི་ཡི་དངོས་པོ་གང་འདྲ་ཞིག་ཡིན་ཡང་། དེ་ལ་འཇུག་པའི་གང་ཟག་དང་ཤེས་པ་མེད་ན་ཡུལ་དེ་ཡང་མེད་པར་འགྱུར་ཞེས་སྨྲས་པ་དེ་ནི། སེམས་ཙམ་པའི་ལྟ་གྲུབ་ནང་། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར།། སྔོ་དང་དེ་བློ་གཞན་མ་ཡིན།། ཞེས་པ་དང་ཧ་ཅང་འདྲ།
དུས་རབས་༢༠ པའི་སྨད་ཙམ་ནས་ཀླད་པའི་ཚན་རིག་པ་དེ་དག་གིས་ཞིབ་འཇུག་སྐབས། ཀླད་པ་ལ་ཤུགས་རྐྱེན་སྤྲོད་མཁན་གྱི་ཆོས་གཞན་ཞིག་ཡོད་པའི་སྐད་ཆ་བཤད་པ་དང་། དེ་ནི་མཐར་གཏུགས་ན་ཤེས་པ་ཟེར་བ་ཞིག་ཡོད་དགོས་པའི་མཚམས་ལ་བསླེབས་ཡོད།
                  
                དོན་དམ་བློ་ཡི་སྤྱོད་ཡུལ་མིན།།
                བློ་ནི་ཀུན་རྫོབ་ཡིན་པར་བརྗོད།།
དོན་དམ་པ་བློ་ཡི་སྤྱོད་ཡུལ་མིན་ཞེས་པ་ནི་ད་ལྟ་ང་ཚོའི་ཤེས་པ་རང་འགའ་བའི་སྤྱོད་ཡུལ་མིན་པའི་དོན་དང་། ཆོས་རྣམས་ཡོད་པར་ཇི་ལྟར་འཇོག་ཅེ་ན། གྲགས་པའི་སྒོ་ནས་ཡོད་པ་ཡིན་ཞེས་གྲགས་ཙམ་གྱི་སྒོ་ནས་ཡོད་པར་འཇོག་པ་ལས་གཞན་མེད་པར་གསུངས་སོ།

                   དགེ་བ་གང་ཞིག་ཡིན་ཡང་རྫོགས་བྱང་དུ་བསྔོ་དགོས།
ང་ཚོས་དགེ་བ་གང་འདྲ་ཞིག་བྱེད་ཀྱང་དེ་དག་ཐམས་ཅད་རྫོགས་བྱང་དུ་བསྔོ་དགོས་ཏེ། འགྲོ་བ་ཀུན་ལ་ཕན་པའི་ཕྱིར་དུ་བསྔོ་ན་དེའི་འབྲས་བུ་ནམ་ཡང་ཟད་དུ་མེད་པ་དང་། དགེ་བ་གང་ཞིག་ཡིན་ཡང་། དེ་བྱང་ཆུབ་སེམས་ཀྱིས་ཟིན་ན་དགེ་བ་དེའི་ནུས་པ་ནམ་ཡང་རྫོགས་པར་མེད་པ་ཡིན་པས། དགེ་བའི་ལས་ཅི་འདྲ་ཞིག་བྱེད་ཀྱང་། ཀུན་སློང་དང་ཆེད་དུ་བྱ་བ་བྱང་ཆུབ་སེམས་ཀྱིས་ཟིན་པ་ཞིག་དགོས་གལ་ཆེ།
          
 རང་གི་ཆོས་དེས་རང་ལ་མ་ཕན་ན་ཆོས་མ་རེེད།
ང་ཚོས་རང་རང་གིས་ཆོས་གང་འདྲ་ཞིག་བྱེད་ཀྱང་། དེས་རང་གི་སེམས་རྒྱུད་འདུལ་བར་ཕན་ཐོགས་ངེས་པར་དུ་དགོས་ཏེ། ཕན་ན་ཆོས་ཆོས་སུ་སོང་བ་ཡིན་ལ། གལ་ཏེ་མ་ཕན་ན། ཆོས་མིན་པས་ཕན་ཐོགས་གང་ཡང་མེད།
                  
 ཀླད་པའི་ཚད་གཞི་དང་དྲིན་ཚོར་གྱི་ཁྱད་པར་ཡོད་དམ།
སེམས་ཅད་ཁག་གཅིག་གིས་རང་ལ་ཡག་པོ་བྱེད་མཁན་ལ་བཀའ་དྲིན་རྗེས་དྲན་ལྟ་བུ་ཞིག་བྱེད་ཐུབ་ཀྱང་།  ཁ་ཤས་ཀྱིས་བྱེད་མི་ཐུབ་པས་དེའི་གནད་འགག་དེ་སེམས་ཅན་དེའི་ཀླད་པའི་ཆེ་ཆུང་དང་། རྒྱུ་རྐྱེན་སོགས་ལ་ཁྱད་པར་ཡོད་མེད་ཚན་རིག་པ་ཁ་ཤས་ལ་དྲིས་ཀྱང་ལན་རྙེད་མ་བྱུང་བ་དང་། དེའི་ཐོག་བསམ་བློ་གཏོང་དགོས་པ་འདུག་ཅེས་གསུངས།
                           
  གདུང་སེམས་མཉམ་སྐྱེད་ཀྱི་ནུས་པ།
གཅིག་གིས་གཅིག་ལ་སེམས་ཁུར་དང་གདུང་སེམས་མཉམ་སྐྱེད་བྱས་ན་ཕན་ཐོགས་ཡོད་པར་ཚན་རིག་པས་འདི་ལྟར་བཤད་དེ། རྨས་སྐྱོན་གཅིག་པར་ཕོག་པའི་ཙི་ཙི་གཉིས་ལས། གཅིག་ཙི་ཙི་གཞན་ཞིག་དང་མཉམ་དུ་བཞག ཙི་ཙི་གཅིག་ཁེར་རྐྱང་དུ་བཞག་ནས། ཞིབ་འཇུག་བྱེད་སྐབས་ཙི་ཙི་གཞན་ཞིག་དང་མཉམ་དུ་ཡོད་མཁན་དེའི་རྨ་ཁ་མགྱོགས་པར་དྲག་སྐྱེད་བྱུང་བ་དེའི་ཐོག་ནས་ཀྱང་ཕན་སེམས་དང་གདུང་སེམས་མཉམ་སྐྱེད་ཀྱིས་སེམས་ཙམ་དུ་མ་ཟད་ལུས་ལའང་ཕན་ཐོགས་ཆེ་བར་གསུངས།
                  
 ཆགས་སྡང་ཆེ་བ་དེ་ཚོ་འཇོན་པོར་རྩིས་པ་ནི་ནོར་བ་རེད།
སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།།
སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས།།
བདེ་བ་འདོད་ཀྱང་གཏི་མུག་པས།།
རང་གི་བདེ་བ་དགྲ་ལྟར་འཇོམས།།
ཞེས་གསུངས་པ་ལྟར། འཛམ་གླིང་ནང་ཆགས་པ་དང་སྡང་བ་སུ་ལ་ཤུགས་ཆེ་ན་དེ་འཇོན་པོར་རྩིས་པ་ནི་ཤིན་ཏུ་ནོར་བ་དང་། ཆགས་སྡང་གིས་ནི་ཕུགས་དང་འཕྲལ་ཐམས་ཅད་དུ་དཀའ་ངལ་བཟོ་བ་མངོན་གསལ་དོད་པོ་ཡིན་པར་གསུངས།
                 
  སྦྱིན་པ་གཏོང་དུས་མཐོང་ཆུང་བྱེད་མི་རིགས།
ང་ཚོས་སུ་ཞིག་ལ་སྦྱིན་པ་གཏོང་སྐབས། སྦྱིན་ཡུལ་དེ་སྐྱོ་བ་དང་མཐོང་ཆུང་གི་རྣམ་པ་དང་བསམ་བློ་མེད་པར་ཕན་པའི་སེམས་དང་གུས་པའི་སེམས་ཀྱིས་གཏོང་དགོས་ཤིང་། བདག་ཉིད་ཀུན་ལས་དམན་ལྟ་ཞིང་།། ཞེས་གསུངས་པ་ལྟར་བྱེད་དགོས་པར་གསུངས།
                   
 ཚུར་གནོད་མཁན་དེ་ལ་ཕར་ཕན་འདོགས་དགོས།
གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།།
ཞེས་པའི་མཚམས་དེར། རང་ལ་གནོད་པ་ཅི་འདྲ་ཞིག་བྱེད་ཀྱང་། དེ་ལ་གནོད་ལན་གནོད་པས་མི་འཇལ་བར། ཚུར་གནོད་པ་བྱེད་མཁན་དེ་ལ་མ་འོངས་པར་དེའི་ཆེད་དུ་ཕན་ཐོགས་པ་ཞིག་བྱེད་དགོས་བསམ་པའི་བློ་སྐྱེད་དགོས་པར་གསུངས།
                 
  ཡན་ལག་བདུན་པ་ནི་རྒྱ་གར་ཡུལ་སྤྱོད་དང་བསྟུན་པ་ཡིན།
ཡན་ལག་བདུན་པ་འདི་ནི་རྒྱ་གར་བའི་ཡུལ་སྤྱོད་དང་མཐུན་པ་ཡིན་ཏེ། དེང་སང་རྒྱ་གར་ལྷ་ཁང་དུ་བསྐྱོད་སྐབས་ཀྱང་། ཞབས་བསིལ་དང་བསང་གཏོར་སོགས་བྱེད་བཞིན་ཡོད་པར་གསུངས།
                    
ཤི་བའི་སྐབས་དགྲ་དང་གཉེན་ཚང་མ་གཞག་རྒྱུ་རེད།
ང་ཚོ་ཚང་མ་ཤི་རྒྱུ་ངེས་པ་དང་། ནམ་འཆི་ངེས་པ་མེད་པ་ཡིན་པས། ཚེ་འདི་ལ་རང་གི་དགྲ་ཡིན་ཞེས་ཟེར་ནས་སེམས་གཏིང་ནས་མི་དགའ་བ་ཞིག་བྱེད་པ་དང་། གཉེན་ཡིན་ཟེར་ནས་སེམས་གཏིང་ནས་ཆགས་པ་ཞིག་བྱེད་ལོང་མེད་དེ། ཚེ་ཐུང་ཐུང་འདི་རྫོགས་པའི་གཉེན་དང་དགྲ་སུ་ཞིག་ཡིན་ཡང་བཞག་ནས་འགྲོ་རྒྱུ་ལས་མེད་པར་གསུངས།
         
 དགྲ་ཡི་ཡོན་ཏན་ཡང་སྐྱོན། གཉེན་གྱི་སྐྱོན་ཡང་ཡོན་ཏན།
ང་ཚོས་རང་རང་གི་བསམ་བློ་དང་ཆགས་སྡང་ཕྱོགས་རིས་སྣ་མང་ཞིག་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་མཐོང་མ་ཐུབ་པར། རང་གི་དགྲ་ཞིག་ཡིན་ན། དེའི་ཡོན་ཏན་ཡང་སྐྱོན་དུ་མཐོང་བ་དང་།  གཉེན་ཞིག་ཡིན་ན་དེའི་སྐྱོན་ཡང་ཡོན་ཏན་དུ་ལྟ་བ་ཞིག་ཡོང་གི་ཡོད་པར་གསུངས།
           
སེམས་ཀྱི་རྣམ་གཞག་སྦྱོང་རྒྱུ་གལ་ཆེ།
ཐ་མལ་ནད་ཀྱིས་འཇིགས་ན་ཡང་།། ཞེས་པའི་མཚམས་དེར། ཉོན་མོངས་ནི་རང་རྒྱུད་རབ་ཏུ་མ་ཞི་བར་བྱེད་མཁན་ཡིན་པར་ཀུན་བཏུས་ལས་གསུངས་ཤིང་། དེ་ལྟ་བུའི་ཉོན་མོངས་དེའི་སྐོར་ཞིབ་ཏུ་ཤེས་རྒྱུ་གལ་ཆཻ་བས། ཉོན་མོངས་ཀྱི་རྣམ་གཞག་ཕྲ་མོ་དག་དང་། སེམས་དང་སེམས་བྱུང་གི་སྐོར་སོགས་ལ་སློབ་སྦྱོང་བྱེད་རྒྱུ་ཤིན་ཏུ་གལ་ཆཻ་བར་གསུངས།
          
 མི་གསོད་རེས་གཏོང་བ་དེ་རང་བཞིན་ལྟ་བུ་ཞིག་ཆགས་གྲབས་འདུག
དེང་སང་གསར་འགྱུར་གང་འདྲ་ཞིག་ནང་བལྟས་ཀྱང་མེ་མདའ་དང་། འབར་རྫས་གས་གཏོར་གྱི་རྐྱེན་པས་མི་གསོད་དོན་རྐྱེན་ཧ་ལས་པའི་མང་པོ་ཞིག་དོན་བཞིན་འདུག་པས། དེང་སང་མི་གསོད་རེས་གཏོང་རྒྱུ་དེ་མིའི་རང་བཞིན་ལྟ་བུ་ཞིག་ཆགས་གྲབས་ཡོད་པ་འདི་ཧ་ཅང་གིས་ཉེན་ཚབས་ཆེན་པོ་ཡིན་པར་གསུངས།
                    
སློབ་གྲྭར་བྱམས་བརྩེའི་སློབ་སྦྱོང་སྤྲོད་དགོས།
འཛམ་གླིང་ནང་གི་དཀའ་ངལ་མང་པོ་ཞིག་སེལ་བར། སློབ་གྲྭ་ཁག་གི་ནང་བྱམས་བརྩེའི་སློབ་སྦྱོང་སྤྲོད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་། ཆོས་ལུགས་དང་མ་འདྲེས་པའི་ཐོག་ནས་སྤྲོད་རྒྱུ་གལ་ཆཻན་པོ་ཡིན་པར་གསུངས།
                    
བཤགས་པ་འབུལ་སྟངས།
རང་ཉིད་ཀྱིས་བྱ་བ་ངན་པ་ཞིག་བྱས་ཡོད་ན། དེ་ལ་དུག་ཁོག་ཏུ་སོང་བ་ལྟ་བུའི་འགྱོད་པ་དང་། ཕྱིན་ཆད་ནམ་ཡང་མི་བྱེད་སྙམ་པའི་སྡོམ་པ་གཉིས་ཏེ། འགྱོད་སེམས་དང་སྡོམ་སེམས་གཉིས་ཀ་ཚང་དགོས་པར་གསུངས།
                  
 སྨོན་ལམ་སྟོབས་ཆཻན་ཞིག
ས་སོགས་འབྱུང་བ་ཆཻན་པོ་དང་།།
ནམ་མཁའ་བཞིན་དུ་རྟག་པར་ཡང་།།
སེམས་ཅན་དཔག་ཏུ་མེད་པ་ཡི།།
རྣམ་མར་ཉེར་འཚོའི་གཞིར་ཡང་ཤོག།
ཅེས་པའི་སྨོན་ལམ་འདི་ཧ་ཅང་གིས་ནུས་པ་ཆེ།

                   སྡུག་བསྔལ་མཐའ་ཅན་ཡིན་པའི་ཕན་ཡོན།   
          རྙོག་པར་མི་བྱ་དེ་ལྟར་བྱ།།
ཞེས་པའི་མཚམས་དེར། ང་ཚོའི་སྡུག་བསྔལ་གང་འདྲ་ཞིག་ཡིན་ཡང་། དེ་མཐའ་ཅན་ཡིན་པ་དང་། བཅོས་སུ་ཡོད་པ་དང་། མི་རྟག་པ་ཡིན་པས། སྡུག་བསྔལ་དེ་ལས་ཐར་ཐབས་ཡོད་པ་དང་། དེའི་རྐྱེན་གྱིས་སེམས་ལ་སེམས་ཤུགས་ཤིག་ཡོང་གི་རེད།
                   
 བྱང་ཆུབ་སེམས་སྒོམ་པ་ནི་ཚེ་སྒྲུབ་ངོ་མ་ཡིན།
མི་ཟད་གཏེར་ཡང་འདི་ཉིད་དོ།། ཞེས་པ་བཞིན་གཞན་སེམས་ཅན་ལ་དམིགས་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི། རང་གི་ཚེ་སྒྲུབ་བླ་ན་མེད་པ་དེ་རང་ཡིན་པར་གསུངས།

          བསྔོ་སྟངས་མི་འདྲ་བ་ཞིག
བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱིས།།
          སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།།
          བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།།
          ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།།
ཞེས་པ་ལྟར། རང་གི་ཚེ་སྲོག་ཚུན་ཆད་འབུལ་དགོས་པར་གསུངས།

ཞབས་བརྟན་ངོ་མ་ནི་བྱང་སེམས་སྒོམ་རྒྱུ་དེ་ཡིན།
དེ་སྔོན་རྡ་རམ་ས་ལར་གདོན་འདྲེའི་སྐད་ཆ་འདྲ་ཞིག་བྱུང་ནས་རྒྱལ་བ་རིན་པོ་ཆེ་དེ་གར་ཕེབས་པ་དང་། དེ་གར་བྱང་ཆུབ་ཀྱི་སེམས་ཏོག་ཙམ་སྒོམ་པས་རྗེས་སུ་དེའི་གནོད་པ་ཞི་འདུག་ཟེར་བ་གོ་བྱུང་། ངའི་གྲོང་ཆོག་དེས་ཕན་འདུག་ཅེས་ཞལ་ཞོབ་དང་སྦྲགས་ཞབས་བརྟན་ངོ་མ་དེ་ནི་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རང་ཡིན།

ཕ་མེས་ཀྱི་ཆོས་བརྒྱུད་འཛིན་གལ་ཆེ།
ཆོས་ཞེས་པ་ནི་སྨན་དང་འདྲ་བ་ཡིན་པས། ནད་པ་སོ་སོའི་ལུས་དང་། ལོ་ཚད་ལ་བབ་པའི་སྨན་ཞིག་དགོས་པ་ལས། སྨན་འདི་ཡག་ཤོས་རེད་ཟེར་ནས་ནད་པ་ཚང་མ་ལ་གཏོང་རྒྱུ་མེད་པ་བཞིན། ཆོས་ཀྱང་རང་རང་སོ་སོ་ལ་གང་ཕན་ན་དེ་རང་གི་ཆོས་ཡིན་པ་ལས་ཆོས་ནང་ནས་ཡག་ཤོས་འདི་རེད་ཅེས་པ་ཞིག་མེད། དེས་ན། རང་རང་སོ་སོའི་ཕ་མེས་ཡང་མེས་ཀྱི་ཆོས་བརྒྱུད་གང་ཡིན་པ་དེ་རང་འཛིན་ན་རང་ལ་ཕན་ཐོགས་ཆེ་བ་ཡོད།
                   དབང་རྟུལ་དང་དབང་རྣོན།
དུས་རབས་༢༡པའི་ནང་པ་ཞིག་བྱེད་པར་དབང་རྟུལ་དད་པའི་རྗེས་འབྲང་བྱས་ན་ཡོང་ཐབས་མེད་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱེད་དགོས། དེ་ཡང་། གཞུང་ལས། རྟོན་པ་བཞི་བཤད་པའི་སྐབས།
གང་ཟག་ལ་མི་རྟོན་ཆོས་ལ་རྟོན།   ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡིད་ཤེས་ལ་རྟོན། ཞེས་བཤད་པ་བཞིན་བྱེད་དགོས།
མདོར་ན། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྟེང་ནས་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་དུས་རབས་༢༡པའི་ནང་པ་ཡིན་ཞེས་གསུངས། དེ་ཡང་། གནས་ལུགས་ལ་ཇི་ཙམ་དཔྱོད་ན་དེ་ཙམ་གྱིས་ངེས་ཤེས་འདྲོངས་པ་དང་། ཇི་ཙམ་གྱིས་ངེས་ཤེས་འདྲོངས་པ་དེ་ཙམ་གྱིས་སེམས་ལ་འགུལ་ཀྱོག་ཐེབས་པ་ཞིག་དགོས་གལ་ཆེ།
                   
 རྒྱ་ཆེར་ཐོས་པ་བཙལ་ཚུལ།
དང་པོར་རྒྱ་ཆེར་ཐོས་པ་མང་དུ་བཙལ།།
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།
ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླང་།།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།།
ཞེས་གསུངས་པ་བཞིན་ཐོས་བསམ་ལ་ཧུར་ཐག་གིས་བརྩོན་དགོས་པ་དང་། གང་ཐོས་པའི་དོན་དེ་སྒྲུབ་པ་ལ་གཞོལ་བ་ཞིག་དགོས། དེ་ཡང། བྱུང་དུས་བསྡུས་ར་བལྟ་བའི་སྐབས་ནས་བཟུང་། གཞི་གྲུབ་ན་བདག་མེད་ཡིན་པས་ཁྱབ། ཟེར་དུས་ནས་བདག་མེད་ཅེས་པའི་གོ་བ་དེའི་ཐོག་བབ་ཨེ་ཐུབ་ལྟ་དགོས། རྒན་རྣམ་པས་ཀྱང་དེའི་ཐོག་སློབ་གསོ་རྒྱག་རྒྱུ་གལ་ཆེན་པོ་རེད། དཔེར་ན། ཚན་རིག་པ་ཞིག་ཡིན་ན་ཡང་། ལོ་དང་ལོའི་འཆར་གཞི་སྒྲིག་པ་བཞིན། ང་ཚོས་ཀྱང་སློབ་གཉེར་གྱི་འཆར་གཞི་ལེགས་པོ་ཞིག་སྒྲིག་རྒྱུ་ཧ་ཅང་གལ་ཆེ།
          སྤྱོད་འཇུག་ནས་གསུངས་པའི་བཤེས་གཉེན་གྱི་མཚན་ཉིད།
རྟག་པར་དགེ་བའི་བཤེས་གཉེན་ནི།།
ཐེག་ཆེན་དོན་ལ་མཁས་པ་དང་།།
བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག།།
སྲོག་གི་ཕྱིར་ཡང་མི་གཏོང་ངོ་།།
ཞེས་གསུངས་པའི་དོན་ལ་མནོ་བསམ་གཏོང་རྒྱུ་གལ་ཆེ།

                   ཁོང་ཁྲོའི་ཉེས་དམིགས་བཤད་པ།
ཞེ་སྡང་ཟུག་རྔུའི་སེམས་འཆང་ན།།
ཡིད་ནི་ཞི་བ་ཉམས་མི་མྱོང་།།
ཞེས་པ་ལྟར། ཁོང་ཁྲོའམ་ཞེ་སྡང་གི་ཉེས་དམིགས་བསམས་ནས། ཁོང་ཁྲོ་ལ་ཉེས་དམིགས་ལྟ། དེ་ནས་ཁོང་ཁྲོ་དང་དུ་མི་བླངས་པ། དེ་ནས་ཁོང་ཁྲོ་དང་རྒྱང་རིང་དུ་གནས་པ། རིང་ནས་རིང་དུ་གཏོང་དགོས།
དེ་ཡང་། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ།།
དེ་ནི་འདི་དང་གཞན་དུ་བདེ།།
ཞེས་པ་བཞིན་བསམ་པར་བྱོ།།

                             ཁོང་ཁྲོ་ཇི་ལྟར་སྐྱེས་ཚུལ།
ཡིད་མི་བདེ་བའི་ཟས་རྙེད་ནས།།
ཞེ་སྡང་བརྟས་ཏེ་བདག་འཇོམས་སོ།།
ཞེས་གསུངས་པ་བཞིན་ཁོང་ཁྲོ་དང་ཞེ་སྡང་ཤུགས་ཆེར་སྐྱེས་པའི་སྐབས་གཉེན་པོ་བསྟེན་མི་ཐུབ་པས། ཁོང་ཁྲོ་སྐྱེ་གྲབས་བྱེད་པའི་སྐབས་ཀྱི་ཡིད་མི་བདེ་བའི་སྐབས་ནས་དེ་ལ་གཉེན་པོ་དང་། གདོང་ལེན་བྱེད་དགོས།
                          
   སུན་འབྱིན་དང་སྤོང་བའི་གཉེན་པོ།
སྤྱིར་ཞེ་སྡང་གི་གཉེན་པོ་བྱམས་པ་དང་། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། ང་རྒྱལ་གྱི་གཉེན་པོ་ཁམས་ཀྱི་རབ་དབྱེ་སོགས་ཡོད་ཀྱང་། དེ་དག་ནི་གནས་སྐབས་ཙམ་ཏེ། སྤོང་བའི་གཉེན་པོ་མིན། སྤོང་བའི་གཉེན་པོ་ངོ་མ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་འདི་རང་ཡིན། དེའི་ཕྱིར། རྩ་བ་ཤེས་རབ་ལས།
ལས་དང་ཉོན་མོངས་རྣམ་རྟོག་ལས།།
དེ་དག་སྤྲོས་ལས་སྤྲོས་པ་ནི།།
སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། ཞེས་གསུངས་པ་ལྟར་རེད།
                             འགོག་བདེན་སེམས་ཀྱི་ཆོས་ཉིད་ཡིན་པ།
དེ་ཡང་། ལས་དང་ཉོན་མོངས་རྣམ་རྟོག་ལས།།
དེ་དག་སྤྲོས་ལས་སྤྲོས་པ་ནི།།
སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། ལེགས་སྦྱར་དུ་སྟོང་པ་ཉིད་དུ་འགག་པར་འགྱུར་ཞེས་པའང་དོན་བར་ཁུ་ནུ་བླ་མ་རིན་པོ་ཆེས་གསུངས་པས། སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། ཞེས་བརྗོད་ན་ལམ་བདེན་དང་། སྟོང་པ་ཉིད་དུ་འགག་པར་འགྱུར།། ཞེས་བརྗོད་ན་འགོག་བདེན་ལ་གོ་བས། འགོག་པའི་བདེན་པ་ནི་དྲི་མ་ཆོས་ཀྱི་དབྱིངས་སུ་ཟད་པ་རང་ལ་འཇོག་དགོས་པར་གསུངས།
                            
 ཕན་མེད་དང་དགོས་མེད་ཀྱི་བསླབ་བྱ།
གལ་ཏེ་བཅོས་སུ་ཡོད་ན་ནི།།
དེ་ལ་མི་དགའ་ཅི་ཞིག་ཡོད།།
གལ་ཏེ་བཅོས་སུ་མེད་ན་ནི།།
དེ་ལ་མི་དགར་བྱས་ཅི་ཕན།།
ཞེས་པ་འདི་དངོས་ཡོད་མི་ཚེ་ལ་ཕན་པའི་ཚིག་ཅིག་ཡིན་པ་དང་། རྒྱལ་བ་རིན་པོ་ཆེས་མཚམས་རེར་སྡུག་སྐད་འདྲ་བསྐྱོན་ནས་གླིང་རིན་པོ་ཆེར་ཞུ་དུས་གླིང་རིན་པོ་ཆེས་ཚིག་འདི་གསུང་གནང་གི་ཡོད་སྐོར་ཡང་བཀའ་གནང་།

                                      སྡུག་བསྔལ་གྱི་ཕན་ཡོན།
སྐྱོ་བས་དྲེགས་པ་སེལ་བར་བྱེད།།
ཅེས་གསུངས་པ་ལྟར། སྡུག་བསྔལ་ཞིག་བྱུང་ན་སྡུག་བསྔལ་བྱུང་བསམས་ནས་བསྡད་ན་གྱོང་ལས་ཁེ་མེད། དེ་ལས་སྡུག་བསྔལ་དེའི་ཕན་ཡོན་བསམ་ན་ལེགས་ཏེ། སྡུག་བསྔལ་དེ་དང་དེ་བྱུང་བས་སོ་སོ་ལ་ཕན་ཐོགས་པའང་མང་པོ་ཞིག་འབྱུང་སྲིད་པའི་ཕྱིར།
                            
 ཁོང་ཁྲོ་ལ་གདོང་ལེན་བྱེད་སྟངས།
ཁོང་ཁྲོ་ཟ་བའི་སྐབས་ཁོང་ཁྲོ་ཟ་བའི་རྒྱུ་དང་རྐྱེན་གང་ཡིན་ཞིབ་ཏུ་འཚོལ་དགོས་པ་དང་། དེ་ལྟར་བཙལ་བ་ན། དེའི་རྒྱུ་དང་རྐྱེན་མང་དུ་ཡོད་པས། དེ་སྔོན་རང་ཉིད་ཁོང་ཁྲོ་ཟ་སྐབས་འདིས་བྱས་སོ་སྙམ་དུ་ཡོད་པའི་ཨ་འཐས་ཀྱི་བསམ་བློ་ཉུང་དུ་འགྲོ་བ་དང་། རྒྱུ་དང་རྐྱེན་སྣ་མང་ཞིག་ལས་བྱུང་བར་རྟོགས་རྗེས་ཁོང་ཁྲོའི་ཤུགས་ཆུང་དུ་འགྲོ་ངེས་དང་། གལ་ཏེ་རང་འགས་འགྲུབ་གྱུར་ན།།
          འགའ་ཡང་སྡུག་བསྔལ་མི་འདོད་པས།།
ཞེས་གསུངས་པ་བཞིན་ཕྱོགས་ཡོངས་ནས་བལྟས་ན་ཁོང་ཁྲོ་རང་བཞིན་གྱིས་ཉུང་དུ་ཆུང་དུ་འགྲོ་ངེས་ཡིན།
                              
དགྲ་ནི་བཟོད་པའི་བཤེས་གཉེན་ཡིན།
                   བཟོད་པའི་ཉམས་ལེན་བྱེད་པར་དགེ་བའི་བཤེས་གཉེན་ངོ་མ་ནི་རང་གི་དགྲ་བོ་དེ་རང་ཡིན་ཏེ། སྟོན་པ་དང་མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་ཁྱེད་ལ་བཟོད་པ་སྒོམ་པའི་གོ་སྐབས་གཏན་ནས་མི་སྟེར་བ་དང་། དེ་བཞིན་སོ་སོ་ལ་ཕན་འདོགས་མཁན་དེ་ལ་བཟོད་པ་སྒོམ་མི་དགོས་པས་བཟོད་པ་སྒོམ་པའི་གོ་སྐབས་ཡག་ཤོས་དེ་རང་གི་དགྲ་ཡིས་གནང་བ་ཡིན་པས་དགྲ་ནི་རང་གི་བཟོད་པ་ཉམས་སུ་ལེན་པའི་དགེ་བའི་བཤེས་གཉེན་ཡག་ཤོས་དེ་ཡིན།
                             
 ཆགས་པ་ཇི་ཙམ་ཆེ་ན་སྡང་བ་དེ་ཙམ་ཆེ།
དེ་བཞིན་གང་ལ་སེམས་ཆགས་ན།།
ཞེ་སྡང་མེ་ནི་མཆེད་འགྱུར་བ།།
བསོད་ནམས་འཚིག་པར་དོགས་པ་ཡིས།།
དེ་ནི་དེ་ཡི་མོད་ལ་བོར།།
ཞེས་གསུངས་པ་ལྟར། གང་ཞིག་ལ་ཆགས་པ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་སྡང་བ་ཡང་ཡོད་པས། ཆགས་སྡང་གཉིས་པོ་དེ་ནི་ཡོང་མཉམ་ལྟ་བུ་ཡིན།

                             བསྟོད་པ་ལ་སྙིང་པོ་མེད་པ།
སྤྱོད་འཇུག་ལས། བསྟོད་སོགས་བདག་ནི་གཡེང་བར་བྱེད།།
          དེས་ནི་སྐྱོ་བའང་འཇིག་པར་བྱེད།།
ཅེས་གསུངས་པ་ལྟར། རང་ལ་བསྟོད་བསྔགས་བརྗོད་པ་རྣམས་ནི་ཕན་ཐོགས་མེད་དེ། དེས་རང་ལ་ཕུགས་སུ་གནོད་པ་ལས་ཕན་པ་ཉུང་བའི་ཕྱིར།
                             གྲོང་གསེབ་ཡར་རྒྱས་གཏོང་དགོས།
གྲོང་གསེབ་ཁག་ཏུ་སྨན་ཁང་། ཚོང་ཁང་། མང་དུ་བཏང་ནས་ཡར་རྒྱས་ཆེན་པོ་ཕྱིན་ཚེ་གྲོང་ཁྱེར་ནང་མི་མང་པོ་མཉམ་དུ་སྤུངས་ནས་བསྡད་པ་དེ་ཏོག་ཙམ་ཉུང་དུ་འགྲོ་བ་དང་། དེ་ལྟར་སོང་ན། ཁོར་ཡུག་སྦགས་གཙོག་ཀྱང་ཆུང་དུ་འགྲོ་ངེས་ཡིན།
                        
     སྒོམ་སྐྱོན་སྟངས།
སྒོམ་རིམ་བར་པ་ལས། “སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་སྟེ། མིག་ཧ་ཅང་ཡང་མི་དབྱེ། ཧ་ཅང་ཡང་མི་གཟུམ་པར་སྣའི་རྩེ་མོར་གཏད་ཅིང༌། ལུས་ཧ་ཅང་ཡང་མི་སྒུ། ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་གཞག་སྟེ་འདུག་པར་བྱའོ། །དེ་ནས་ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་གཞག་སྟེ་སྣ་ནས་ལྟེ་བའི་བར་དྲང་པོར་གཞག་གོ། །སོ་དང་མཆུ་ཡང་ཐ་མལ་པར་གཞག་གོ། །ལྕེ་ཡང་ཡ་སོའི་དྲུང་དུ་གཞར་རོ། །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང༌། རྔམས་པ་ཅན་དང༌། དབུགས་རྒོད་པ་ཅན་དུ་མི་བཏང་གི། །ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་དེ་ལྟར་བྱའོ།” གསུངས་པ་ལྟར་སྒོམ་དགོས།
                         
                                དམར་ཟས་སྤྱོད་འོས་དང་མི་འོས།
          སྤྱིར་མདོ་ནང་དཀར་ཟད་སྤྱོད་འོས་མི་འོས་ཀྱི་དབྱེ་བ་གཉིས་གསུངས་ཡོད། དེ་ཡང་འདུལ་བའི་ནང་རྣམ་གསུམ་དག་མ་དག་གི་ཐོག་ནས་དམར་ཟད་རྩ་བ་ནས་བཀག་མེད། དེ་ཡང་དགེ་སློང་རྣམས་ནི་སློང་བས་འཚོ་བ་ཡིན་པས། སྦྱིན་པ་པོས་གང་སྦྱིན་པ་དེ་རང་སྤྱོད་རྒྱུ་ལས་དེ་ལས་གདམ་གསེས་བྱེད་དབང་མེད་པར་གསུངས། ཡིན་ཡང་། ལང་ཀར་གཤེགས་པ་ལས། དམར་ཟད་རྩ་བ་ནས་བཀག་གནང་ཡོད་པས་རྒྱ་ནག་པའི་ཆོས་པ་ཕལ་ཆེ་བས་དཀར་ཟས་ཁོ་ན་སྤྱོད་པ་དང་། zenཟེན་གྱི་ཆོས་ལུགས་པ་ཚོས་ཀྱང་དཀར་ཟས་ཁོ་ན་སྤྱོད་ཀྱི་ཡོད། འོན་ཀྱང་། བོད་གངས་ན་ལྗོངས་སུ་འབྲོག་པའི་ས་ཁུལ་དུ་ཚལ་དཀོན་པོ་ཡིན་པས་སེམས་ཅན་ལ་བརྟེན་ནས་མ་འཚོ་ཀ་མེད་དུ་གྱུར་ཡོད།
རྒྱལ་བ་རིན་པོ་ཆེ་ཉིད་ཀྱིས་ཀྱང་༡༩༦༥ ནས་དམར་ཟས་སྤངས་ཀྱང་། ཟླ་བ་༢༠ཡིི་རྗེས་ནས་མཁྲིས་པའི་སྙུང་གཞིས་དམར་མ་བསྟེན་ཀ་མེད་དུ་གྱུར། འོན་ཀྱང་། སྤྱི་ཐབ་ཁག་ཚང་མའི་ནང་དཀར་ཟས་རྐྱང་པ་སྤྱོད་དགོས་པའི་སྐུལ་མ་གནང་བ་དང་། གཙོ་བོ་ནི། དགོས་པ་ཆེ་ཆུང་ལ་གཞིགས་ནས་ཤ་ཟ་དང་མི་ཟ་བའི་ཐག་གཅོད་བྱེད་དགོས་པར་གསུངས།
                           
                                        སྒོ་ལྔའི་ཤེས་པ་ནི་གཡེང་བའི་རང་བཞིན་ཡིན།
          ང་ཚོས་དུས་རྟག་ཏུ་རང་གི་བསམ་བློ་བརྟག་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་སྒོ་ལྔའི་ཤེས་པ་ནི་གཡེེང་བའི་རང་བཞིན་ཅན་ཡིན་པས། དེ་ཙམ་ལ་ཆགས་ན་གཡེང་བ་ལས་ཡོང་ཐབས་མེད། དེ་ལས། ཡིད་ཆགས་སྡང་གི་གཉེན་པོ་བསྟེན་པ་ལ་ཡིད་བློའི་ཐོག་ནས་བསམ་བློ་གཏོང་རྒྱུ་གལ་ཆེར་གསུངས།
                            
                                          དབུགས་འབྱུང་རྔུབ་ཀྱི་གལ་གནད།
          སེམས་དམིགས་པ་རྩེ་གཅིག་ཏུ་གཏོད་མ་ཐུབ་པའི་དཀའ་ངལ་ཡོད་བཞིན་པ་ཡིན་པས། དེ་སེལ་བར་བྱེད་པར། ཐོག་དབུགས་འབྱུང་རྔུབ་ཀྱི་སྦྱོང་བརྡར་བྱེད་རྒྱུ་གལ་ཆེ་བ་དང་། ཐེངས་བཅུ་ནས་ཉི་ཤུ་བར་ཚར་ཁ་ཤས་བྱེད་ཐུབ་ན་སེམས་གང་བྱུང་དུ་འཕྲོ་བ་ལས་ཏོག་ཙམ་འགོག་ཐུབ་པའི་ཁྱད་པར་ཡོད།
                            
                                ཞི་ལྷག་ཟུང་དུ་འབྲེལ་དགོས་པ། 

ཞི་གནས་ཙམ་གྱིས་ནི་ཉོན་མོངས་སྤོང་མི་ནུས་ཤིང་། ཞི་གནས་དང་བྲལ་བས་ནི་ཉོན་མོངས་ཀྱི་གཉེན་པོ་རྫོགས་པར་མི་ཡོང་བས། ཞི་གནས་དང་ལྷག་མཐོང་གཉིས་ཟུང་དུ་འབྲེལ་དགོས་པ་གལ་ཆེ།
                
                               སེམས་ནམ་ཡང་ཞུམ་མི་རིགས་པ།
          དེ་ལྟ་བུའི་བྱང་ཆུབ་འཐོབ་པར་བསྐལ་བ་དུ་མ་འགོར་བས་ཡོང་ས་མ་རེད་བསམས་ནས་ཞུམ་པ་བྱེད་མི་རིགས་ཏེ། དེ་བས་སྐྱོ་ངལ་ཀུན་སེལ་བའི།།
          བྱང་ཆུབ་སེམས་ཀྱི་རྟ་བཞོན་ནས།།
          བདེ་ནས་བདེ་བར་འགྲོ་བ་ལ།།
          སེམས་ཅན་སུ་ཞིག་སྒྱིད་ལུག་འགྱུར།།
          ཞེས་གསུངས་པ་བཞིན་བསམ་དགོས་པར་གསུངས།

                           ཕན་ཐོགས་ཡོད་ན་ཕྱི་བཤོལ་བྱེད་མི་རིགས་པ།   
          
དང་པོར་འབྱོར་བ་བརྟགས་ནས་ནི།།
                   བརྩམ་མམ་ཡང་ན་མི་བརྩམ་བྱ།།
                   མ་བརྩམས་པ་ནི་མཆོག་ཡིན་གྱི།།
                   བརྩམས་ན་ལྡོག་པར་མི་བྱའོ།།
ཞེས་གསུངས་པ་ལྟར། ཐོག་མར་རང་གི་འདོད་དོན་དེ་འགྲུབ་ཐུབ་དང་མི་ཐུབ་ལྟ། དེས་དོན་དམ་ཕན་ཐོགས་ཡོད་དང་མེད་ཀྱང་ལྟ། ཡོད་པ་ཞིག་མཐོང་ན་ཕྱི་བཤོལ་དང་བསམ་བློ་གཉིས་པ་མེད་པར་མདུན་སྐྱོད་གནང་དགོས་པར་གསུངས།
                           
                          མི་ཡི་དཀའ་ངལ་ནི་མི་ཡིས་སེལ་དགོས།
ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དང་། དེ་དག་ཕལ་མོ་ཆེ་ནི་མི་རང་གིས་བཟོས་པ་ཤ་སྟག་ཡིན་པས། སྟོན་པ་སྐྱབས་ཞུ་ཇི་ཙམ་ཕུལ་ཡང་། ཞི་བདེ་དཀྲུག་མཁན་ནི་མི་རང་ཉིད་ཡིན་པས། ཞི་བདེ་སྐྲུན་མཁན་ཡང་མི་རང་ཉིད་ཡིན་དགོས་པས། དུས་རྟག་ཏུ་མིས་བཟོས་པའི་དཀའ་ངལ་དེ་མི་རང་ཉིད་ཀྱིས་སེལ་དགོས་རྒྱུ་གལ་ཆེན་པོ་་ཡིན་སྐོར་གསུངས།
                              
                      སེམས་བཟང་པོས་ཚེ་འདི་ཕྱི་གཉིས་ཀར་ཕན་པ།
སེམས་ཅན་མགུ་བ་ལས་བྱུང་བའི།།
མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག།།
ཚེ་འདི་ཉིད་ལས་དཔལ་ཆེན་དང་།།
གྲགས་དང་སྐྱེད་འགྱུར་ཅིས་མི་མཐོང་།།
འཁོར་ཚེ་བཟོད་པས་མཛེས་སོགས་དང་།།
ནང་མེད་པ་དང་གྲགས་པ་ཡིས།།
ཤིན་ཏུ་ཡུན་རིང་འཚོ་བ་དང་།།
འཁོར་ལོས་སྒྱུར་བའི་བདེ་རྒྱས་ཐོབ།།
ཅེས་གསུངས་པ་ལྟར། སེམས་བཟང་པོ་དེས། ཚེ་འདི་དང་ཕྱི་མ་གང་ལའང་ཕན་པ་ཤ་སྟག་ཡོང་བས་དུས་རྟག་ཏུ་སེམས་བཟང་པོ་ལ་འབད་དགོས་པར་གསུངས།
                  
                          སངས་རྒྱས་ལས་སེམས་ཅན་གལ་ཆེ་བ།
རང་ཅག་གིས་འདོད་པ་ནི་གཏན་གྱི་བདེ་བ་ཡིན་ལ། དེ་ལྟ་བུའི་གཏན་བདེ་འཐོབ་པ་ལ་མེད་དུ་མེད་པ་ནི། བྱང་སེམས། སྙིང་རྗེ། བཟོད་པ་སོགས་ཡིན་ལ། དེ་ལྟ་བུ་ཞིག་སྐྱེད་པར་སེམས་ཅན་ནི་ཧ་ཅང་གལ་ཆེ་སྟེ། སེམས་ཅན་མེད་པར་སུ་ལ་སྙིང་རྗེ་སྐྱེ། རྒྱལ་བ་ནི་སྙིང་རྗེའི་ཡུལ་མིན་པས། རང་རྒྱུད་ཀྱི་སྙིང་རྗེ་གོང་འཕེལ་དུ་གཏོང་བར་སེམས་ཅན་ནི་ཧ་ཅང་རྩ་ཆེན་པོ་ཡིན་པས། སངས་རྒྱས་ཟེར་ནས་རྩ་ཆེན་པོ་རྩིས་པ་དང་། སེམས་ཅན་ཟེར་ནས་ཁྱད་གསོད་དང་མཐོང་ཆུང་བྱེད་པ་ནི་ནོར་བར་གསུངས།
                   སེམས་ཅན་ལ་བརྩེ་བ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན།
རྒྱལ་བ་ཐམས་ཅད་ཀྱིས་དགོངས་ཡུལ་ནི་མགོན་མེད་པའི་སེམས་ཅན་འདི་དག་ཡིན་ལ། དེ་ལྟ་བུའི་སེམས་ཅན་རྣམས་ལ་བརྩེ་བ་མི་བྱེད་པར་ཕྲག་དོག་དང་། མནར་གཅོད་བྱེད་ན་རྒྱལ་བའི་དགོངས་པ་མི་འགྲུབ། དེ་ལས་སེམས་ཅད་ཐམས་ཅད་ལ་བརྩེ་བས་སྐྱོང་ན་རྒྱལ་བ་སྲས་དང་བཅས་པ་དགྱེས་པའི་མཆོད་སྤྲིན་ཡིན། དེ་ལྟར་མི་བྱེད་ན།  ཐུགས་རྗེ་ཅན་དེ་དགྱེས་པའི་སྐབས་མེད་དོ།།
གསུངས་པ་བཞིན་དུ་འགྱུར་ངེས།
                             རང་དོན་སྒྲུབ་ཐབས་ཡག་ཤོས་ནི་བྱང་སེམས་སྒོམ་རྒྱུ་དེ་ཡིན།
          ང་ཚོ་ཚང་མས་རང་དོན་སྒྲུབ་ཐབས་བྱེད་ཀྱང་། རང་དོན་སྒྲུབ་ཐབས་ཡག་ཤོས་ནི་གཞན་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་སྙིང་རྗེ་སྒོམ་རྒྱུ་འདི་ལས་ལྷག་པ་ཞིག་མེད་དེ།
                   རང་དོན་ཡང་དག་སྒྲུབ་པའང་འདི་ཉིད་དོ།།
                   འཇིག་རྟེན་སྡུལ་བསྔལ་སེལ་བའང་འདི་ཉིད་དེ།།
                   དེ་ལྟས་བདག་གིས་རྟག་ཏུ་དེ་ཉིད་བྱ།།
ཞེས་གསུངས་པ་ལྟར་བྱ་དགོས་པར་གསུངས།
                  
                             ཤེས་རབ་སྐྱེད་ཐབས།
བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས།།
ཞེས་པའི་མཚམས་དེར། ང་ཚོས་ཤེས་རབ་སྐྱེད་པའི་ཆེད་དུ་གང་བློ་མ་འདོན་པ་དང་། འཇམ་དབྱངས་གཟུངས་སྔགས་དྲངས་པ་སོགས་བྱེད་ན་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན།
འཇིག་རྟེན་གསུམ་གྱི་མུན་སེལ་བ།།
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
ཞེས་པའི་ཚིགས་བཅད་འདི་བཏོན་ནས་ཨ་ར་པ་ཙ་ཕྲེང་སྐོར་གཅིག་ཙམ་དྲངས་ན་ཕན་ཐོགས་ཆེ་བར་གསུངས།

                   སྨོན་ལམ་ནུས་པ་ཆེ་ཤོས།
ཇི་སྲིད་ནམ་མཁའ་གནས་པ་དང་།།
འགྲོ་བ་ཇི་སྲིད་གནས་གྱུར་པ།།
དེ་སྲིད་བདག་ནི་གནས་གྱུར་ཏེ།།
འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།།
ཅེས་པའི་སྨོན་ལམ་འདི་ནི་ཧ་ཅང་གིས་ནུས་པ་ཆེ་བར་གསུངས།
                             ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས།
ང་ཚོའི་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་ནི། དང་པོ། ཆོས་བརྒྱུད་ཕན་ཚུན་ངོ་ཤེས། ནང་ཚགས་ཆགས་ན་ཐུགས་མཐུན་ཁྲིམས་གཙང་ཡོང་གི་རེད། གཉིས་པ། ཆོས་བརྒྱུད་སོ་སོའི་གཞུང་ལ་རྒྱུས་ཡོད་པ་ཞིག་བྱེད་ན་མཐུན་སྒྲིལ་ཡོང་གི་རེད། དེས་ན། ཆོས་བརྒྱུད་ཚང་མའི་དཔེ་ཆ་ལྟ་རྒྱུ་གལ་ཆེ། དགེ་ལུགས་པ་ཞིག་གིས་རྙིང་མའི་དཔེ་ཆ་ལ་རྙིང་དྲི་ཁ་གི་ཟེར་ནས་གཡུག་མ་བཞག  རྙིང་མ་ཞིག་གིས་དགེ་ལུགས་པའི་དཔེ་ཆ་ལ་གསར་དྲི་ཁ་གི་ཟེར་ནས་གཡུག་མ་བཞག་པར་ཚང་མར་ལྟ་རྒྱུ་གལ་ཆེ་བར་གསུངས།
༢༠༡༧ ཟླ་བ། ༡ ཚེས། ཉིན་སྔོན་འགྲོའི་གསུང་ཆོས་ཀྱི་ཟིན་བྲིས་མདོར་བསྡུས་ཙམ་ཞིག་བགྱིས་སོ།
                                                                             བེ་རི་རྒྱལ་སྲས།