བསམ་ལོང་དྲན་ལོང་མེད་པར་ཁོ་བོ་དགེ་རྒན་ཞིག་ཏུ་གྱུར་ཟིན་ཅིང་། དགེ་རྒན་གྱི་བྱ་བར་ཞུགས་ནས་མི་ལོ་བཞི་ལྷག་ཀྱང་འདས་ཟིན། འདས་ཟིན་པའི་ལོ་ཟླ་དང་ཉིན་ཞག་རེ་རེས་བྱིན་པའི་དགའ་བ་དང་སྐྱོ་བ། སྤོབས་པ་དང་ཡིད་ཆད། རེ་བ་དང་སྟོང་བསམ་སོགས་ཀྱིས་ཁོ་བོ་ལ་གནང་བ་དེ་ནི། ང་ལ་རྒན་ལགས་ཞེས་མ་འབོད་རོགས། ཞུ་རྒྱུ་དེ་ཡིན།
མི་སོ་སོ་ལ་རང་ཉིད་ཀྱི་རྨི་ལམ་རེ་ཡོད་ལ་ལོ་ཟླ་དུས་ཀྱི་འགྱུར་འགྲོས་དང་། ཁོ་ར་ཁོར་ཡུག་གི་འགྱུར་ལྡོག་གི་རྐྱེན་པས་རྨི་ལམ་དེའི་ཁ་དོག་དང་བཟོ་དབྱིབས་འགྱུར་སྲིད་ལ། ཐ་ན་རྨི་ལམ་དེ་རང་ཉིད་ཀྱི་ཀླད་པའི་ཁང་ཆུང་ནས་བུད་ཀྱང་སྲིད།
ཁོ་བོ་ཆུང་དུས་ནས་རྨི་ལམ་རྨི་རྒྱུར་ཤིན་ཏུ་དགའ་ལ།
ངས་རྨིས་མ་མྱོང་བའི་རྨི་ལམ་ཞིག་ཧ་ལམ་མེད།
རྗེས་མར་ང་ཆབ་སྲིད་པ། ང་བཀའ་བློན་ཞིག ང་གྲགས་ཆེན་གྱི་རྩོམ་པ་པོ་ཞིག ང་བྱ་བྲལ་བ་ཞིག ང་རྒྱལ་སྤྱིའི་ངོས་འཛིན་ཐོབ་པའི་མཁས་དབང་ཞིག
ང་ཕྱུག་པོ་ཞིག ང་བླ་མ་ཞིག ང་དགེ་བཤེས་ཤིག ང་དགེ་རྒན་ཞིག ད་དུང་ང་་་་་་་་་་་་་་་་་
ངས་རྨིས་པའི་རྨི་ལམ་ཡོད་ཚད་འགྲུབ་དགོས་ན་སྐྱེ་བ་བཅུ་གྲངས་ཤིག་གིས་ཀྱང་འདང་དཀའ་མོ་གདའ།
གང་ལྟར།
ལས་ཀྱིས་གང་བསྐོས་མ་གཏོགས་སྣང་བ་གང་ཤར་མེད་པས།
ངའི་རྨི་ལམ་མང་པོ་ཞིག་ནི་ད་ལྟ་ཀླད་པའི་ནང་རུལ་ཟིན་ཅིང་། རྨི་ལམ་འགའ་རེ་ད་དུང་ཡང་སྙིང་ཁར་རུམ་བཞིན་ལག་ཏུ་ཐོབ་པ་ནི་དགེ་རྒན་གྱི་བྱ་བ་འདི་ཉིད་ཡིན།
ཁོ་བོ་ལ་དགེ་རྒན་གྱི་ཆེད་སྦྱོང་གང་ཡང་མེད་ལ་ལག་འཁྱེར་དུ་འབོད་པའི་ཤོག་སྙིགས་དེ་འདྲ་གང་ཡང་སྟོན་རྒྱུ་མེད་མོད།
འོན་ཀྱང་། བག་ཆགས་སུ་འབོད་པའི་ནུས་པ་དེ་ཡིས་སློབ་འཁྲིད་བྱེད་རྒྱུ་དེ་ཙམ་ཁག་པོ་ཞིག་མ་ཚོར་ལ།
དང་ཐོག་ཆེས་སྤྲོ་སྣང་དང་ལྡན་པ་ཞིག་ཏུ་མཐོང་།
ཉིན་རེར་སློབ་འཁྲིད་རེ་བྱེད་རྒྱུ་མ་རག་ན་ཞོགས་ཇ་མ་རག་པ་དང་མཚུངས་ཤིང་། སློབ་ཐུན་རེའི་དུས་ཡུན་ཡོད་ཚད་རང་ཉིད་ཀྱིས་བཤད་ནས་རྫོགས་འགྲོ་ལ། དེ་ཡང་ལེ་དབར་གཅིག་ཙམ་ལ་གོ་ཐུབ་པའི་སྐད་ཤུགས་ཧ་ཅང་ཆེན་པོར་བརྒྱབས་ནས་འཁྲིད་ཀྱི་ཡོད། མིད་པ་ན་ནའི་བར་ཁྲིད་ནས་ལས་ཤག་ཏུ་འོངས་དུས་རང་ཉིད་ཆེས་ཡིད་འཚིམས་པའི་ཚོར་བ་དང་ལྷན་དུ་ཇ་དྭངས་ཕོར་པ་གང་རེ་བཏུངས་རྗེས།
རང་ཉིད་ཀྱི་མི་ཚེ་ལ་དོན་སྙིང་ལྡན་སོང་བའི་སྤོབས་པ་དང་ང་རྒྱལ་འགྲན་ནས་སྐྱེ་འོངས།
ངའི་སློབ་མ་རྣམས་ནི་ཉིན་ལྟར་ངའི་གཏམ་བཤད་ཉན་མཁན་གྱི་ཚོགས་ཞུགས་པ་ཞིག་ལས་ཅང་མིན་ལ། ངས་ཉིན་ལྟར་བཤད་དགོས། ཁོང་ཚོས་ཉིན་ལྟར་ཉན་དགོས། འདི་འདྲ་བྱས་ནས་ཟླ་བ་ཁ་ཤས་བུད་སོང་། ད་ལྟར་བསམ་བློ་རེ་གཏོང་དུས་ང་ནི་དགེ་རྒན་ཅི་འདྲའི་ཐེབས་ཆག་ཅིག་མིན་ནམ་སྙམ་ནས་རང་ཉིད་རང་ལ་ངོ་ཚ་ནས་ལུས་སེམས་ཡོངས་རྫོགས་སྦྲིད་ཡོང་།
དུས་ཀྱི་འགྱུར་འགྲོས་ནི་མདང་གི་རྨི་ལམ་བཞིན་ཡུད་ཀྱིས་རྫོགས་ནས་ལོ་ངོ་ཁ་ཤས་ཕྱིན་པའི་མཚམས་དེར།
སྔོན་མའི་”དགེ་རྒན་གྱི་ལྟ་བ་”ལ་གསར་བརྗེ་ཆེན་པོ་ཞིག་བྱུང་ཞིང་། གང་བསླབས་པ་ཕལ་མོ་ཆེ་ནོར་བ་དང་། ཇི་ལྟར་འཁྲིད་པ་ཐམས་ཅད་འཕྱུག་པ་ཤེས་འོངས་ལ།
དགེ་རྒན་གྱི་ལྟ་བ་དང་འདུ་ཤེས། དགེ་རྒན་གྱི་འགན་དབང་དང་འགན་འཁྲི་རྣམས་ཀྱི་ལྗིད་ཚད་ཀྱང་ཚོར་འོངས་པས།
ད་གཟོད་རང་ཉིད་དགེ་རྒན་ཞིག་ཡིན་སྙམ་པའི་སྤོབས་པ་དེ་རི་ཉིལ་བ་ལྟར་ཉིལ་སོང་ལ།
རང་ཉིད་ཀྱིས་གང་ཞིག་བསླབས་པ་དེས་སློབ་མའི་མི་ཚེའི་ཁ་ཕྱོགས་གང་ཞིག་ཏུ་འཁྲིད་མིན་གྱི་བསམ་གཞིགས་ནན་པོ་ཞིག་མ་གཏོང་ཀ་མེད་དུ་གྱུར།
སློབ་འཁྲིད་ཁང་ཆེན་དུ་འཛུལ་ཡོང་སྐབས།
ལྷད་མེད་དྭངས་གཙང་གི་སློབ་མ་ཚོས། བཀྲ་ཤིས་བདེ་ལེགས། རྒན་ལགས། ཞེས་གུས་ཞབས་དང་ལྡན་པའི་ངང་ནས་བསུ་བ་བྱེད་དུས།
རང་ཉིད་ལ་དགེ་རྒན་གྱི་ཡོན་ཏན་གང་ཡང་མེད་པར་ལྷག་ཏུ་ཚོར་འོངས་པས་གདོང་པ་ཡོངས་རྫོགས་ཚ་ལམ་ལམ་དུ་གྱུར་ནས་བཀྲ་ཤིས་བདེ་ལེགས།
ཞེས་འཚམས་འདྲི་ཞུ་རྒྱུའང་བརྗེད་འགྲོ། འཛིན་གྲྭའི་ནང་སློབ་མ་ཚོས་ལྷད་མེད་པའི་ཡིད་ཆེས་ཀྱིས་ངའི་སྐད་ཆ་ལ་ཉན་དུས།
འཛིན་གྲྭ་གྲོལ་རྗེས་ཕྱི་རོལ་ན་ལག་ཟུང་ཐལ་མོར་སྦྱར་ནས་སྒུར་སྒུར་བྱེད་དུས།
སློབ་མ་གཉིས་སློབ་སྦྱོང་གི་ཐོག་རྩོད་པ་ཤོར་ནས་ང་ལ་སུ་བདེན་འདྲི་དུས།
སློབ་ཕྲུག་གི་ཕ་མ་ཚོས་སློབ་མ་དེ་དང་དེ་ལ་སློབ་གསོ་གནང་རོགས་ཞེས་ཞུ་བ་གནང་དུས།
སློབ་མ་ཚོས་བློ་གཅིག་སེམས་གཅིག་གིས་རེ་བ་དང་ཡིད་ཆེས།
གུས་པ་དང་བཀུར་བསྟི་གནང་དུས་ཁོ་བོ་ནི་བརྗོད་མི་ཤེས་པའི་ཚོར་འདུ་སྐྱུར་མོ་ཞིག་གིས་ཡོངས་སུ་མནར་ནས་གང་ཞིག་བྱེད་དགོས་མིན་དང་།
ཅི་ཞིག་ཟེར་དགོས་མིན་ཡང་མི་ཤེས་པར་གྱུར།
རྒྱུ་མཚན་ནི།
རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་དང་རང་ཉིད་ཀྱི་བསམ་བློ་དང་གནས་ཚད་གསལ་ཤོས་ཤེས་མཁན་རང་ཉིད་ལས་གཞན་མེད་པས་ང་ལ་དགེ་རྒན་ཞིག་གི་ཡོན་ཏན་གང་ཡང་ཚང་མེད་པ་གསལ་པོར་ཤེས་ལ།
དེང་གི་སྤྱི་ཚོགས་ནང་གི་’སྐབས་འཚོལ་རིང་ལུགས་”དང་”འཚོ་བསྟེན་རིང་ལུགས་”ཀྱི་དགེ་རྒན་དུ་འབོད་པ་རྣམས་དང་མི་འདྲ་བར་”དགེ་རྒན་”ནི་དགེ་རྒན་ཡིན་པའི་ངེས་ཤེས་སེམས་སུ་བརྐོས་པའི་མི་ཞིག་གི་ཆ་ནས།
རང་ཉིད་ལ་རྒན་ལགས་ཞེས་འབོད་མི་འོས་པའི་གནས་ལུགས་དེ་ཤེས་པར་གྱུར།
དེས་ན།
ང་ལ་རྒན་ལགས་ཞེས་མ་འབོད་རོགས། ཁོ་བོ་ལ་སློབ་གྲོགས་ཤིག་གི་འདུ་ཤེས་འཛིན་ཆོག་ལ།
གཅེན་པོ་ཞིག་གི་བསམ་བློ་འཁྱེར་ཆོག འདུ་ཤེས་དེ་དང་བསམ་བློ་དེའི་ཐོག་ནས་ང་ཚོས་ཤེས་རིག་གི་རྒྱ་མཚོ་མཉམ་དུ་རྐྱལ་ཆོག་ལ། ཡོན་ཏན་གྱི་གངས་རི་ལྷན་དུ་འཛེགས་ཆོག
མདུན་སྐྱོད་ཀྱི་ལམ་བུར་མཉམ་དུ་སྐྱོད་ཆོག་ལ། ཡར་རྒྱས་ཀྱི་འབྲས་བུ་ལྷན་དུ་སྤྱོད་ཆོག
༢༠༡༦།
ཟླ་བ། ༡༡། ཚེས། ༡༦ ཉིན།
ས་གནས།
ཞི་འཚོ་དཔེ་མཛོད་ཁང་། ཚོུད། ༤:༢༠