ཕོག་དགོས་ས་ལ་ཕོག་དགོས། ཕན་དགོས་ས་ལ་ཕན་དགོས།
བེ་རི་དཔལ་ལྡན་རྣམ་རྒྱལ།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་༸རྒྱལ་བའི་ཐུགས་རྗེ་ལས་མང་ཚོགས་ཁྲོད་ཡིག་རྨོངས་སེལ་བའི་བརྒྱ་ཆ་༨༤%ལས་བརྒལ་ཅིང་། བོད་མི་མང་ཆེ་བས་ཡི་གེ་འབྲི་ཀློག་མི་དམན་ཙམ་རེ་བྱེད་ཐུབ་པས།
གྲངས་ཚད་ཀྱི་ཆ་ནས་ལེགས་གྲས་སུ་གཏོགས་པ་ནི་ངོམས་འོས་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཡིན་མོད་ཀྱང་།
གྲངས་ཚད་དེའི་ནང་གི་སྤུས་ཚད་ནི་བརྗོད་མི་ཕོད་པའི་ཞན་པོ་ཞིག་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་ཞིག་རེད།
དེ་ཡང་སློབ་ཚན་རེ་གཉིས་ཙམ་མིན་པར་ཨིན་ཇི་དང་བོད་ཡིག དེ་བཞིན་སློབ་ཚན་ཀུན་གྱི་ནང་ཚད་ལྡན་གྱི་ཤེས་ཡོན་ཅན་ཞིག་འཚོལ་དུ་འགྲོ་དགོས་ན་ཉིན་མོའི་སྐར་མ་བཞིན་དུ་སྣང་ཞིང་།
འཛིན་རིམ་བཅུ་གཉིས་ཐོན་པ་དང་། ཐ་ན་མཐོ་སློབ་ཆེ་གེ་མོ་ནས་ཐོན་པའི་སློབ་ཟུར་དག་གིས་ཀྱང་ཨིན་ཇིའི་སྐད་ཚད་ལྡན་ཞིག་རྒྱག་མི་ཐུབ་པ་དང་།
ཡི་གེ་ཡང་ཚད་ལྡན་ཞིག་འབྲི་མི་ཐུབ་པའི་ཐབས་སྐྱོ་བོའི་གནས་ཚུལ་ནི་ཐོན་དང་འཐོན་བཞིན་པ་རེད།
དེ་ལྟ་བུའི་སྡུག་སྐད་རང་བཞིན་གྱི་ལོ་རྒྱུས་དེ་དག་གི་ཁྲོད་ནས་མགོ་ནས་མཇུག་བར་གྱི་མི་སྣ་ཆེ་ཆུང་ཚང་མས་རྗོད་བཞིན་པ་གཅིག་ནི།
བོད་ཡིག་ཉམས་ཆག་དང་། བོད་ཡིག་གནས་ཚད་སྐྱོ་བའི་སྐོར་དེ་ཡིན་ཞིང་། ཁོ་བོས་བལྟས་ན། བོད་ཡིག་གཅིག་པུ་མིན་པར་ཨིན་ཇིའི་གནས་ཚད་ཧ་ཅང་སྐྱོ་བ་དེ་ཡང་དངོས་ཡོད་གནས་ཚུལ་ཞིག་རེད་སྙམ།
ད་བར་གྱི་མི་ལོ་ང་བཞི་ལྷག་གི་རིང་བོད་ཡིག་གི་ཐོག་རྩོམ་པ་པོ་དང་ཆེད་ལས་པ་གང་འཚམས་ཤིག་སྐྱེད་སྲིང་བྱས་ཡོད་ཀྱང་།
ཨིན་ཇིའི་ཐོག་རྩོམ་པ་པོ། སྙན་ངག་པ། སྒྱུ་རྩལ་པ་སོགས་ཇི་ཙམ་ཐོན་ཡོད་མེད་ནི་ང་ཚོས་མིག་མཐོང་ལག་ཟིན་རེད།
དེས་ན། འདས་པའི་མི་ལོ་ང་བཞི་ཙམ་གྱི་རིང་སློབ་ཚན་ཡོངས་རྫོགས་ཨིན་ཡིག་ཏུ་སློབ་པའི་གཞན་དབང་སྟབས་བསྟུན་གྱི་ལས་རིམ་དུ་མ་ཞིག་གི་འོག་ཕྱིན་ཡོད་ཀྱང་།
བོད་ཡིག་གི་ཐོག་ཆེད་ལས་པ་མི་ཉུང་བ་ཞིག་ཐོན་ཡོད་པ་དེ་ཡང་གཟི་བརྗིད་ཅིག་རེད་སྙམ་ལ། དེ་དག་ཀྱང་ཕལ་མོ་ཆེ་བོད་ནས་ལོ་ཤས་རིང་བོད་ཡིག་ཆེད་སྦྱོང་གནང་མྱོང་མཁན་ཤ་སྟག་ཡིན་པའང་བདེན་པ་རེད།
ཡ་མཚན་པ་ཞིག་ལ་སློབ་ཚན་ཚང་མ་ཨིན་ཡིག་ཏུ་སློབ་པས་བོད་ཡིག་སྐྱོ་བོ་ཡོད་ཅེས་བཤད་པ་དེ་བདེན་དུ་ཆུག་ཀྱང་།
འོ་ན་ཨིན་ཇིའི་གནས་ཚད་དེ་གཞན་དང་མི་འདྲ་བ་ཞིག་དགོས་ངེས་སུ་སྣང་ཡང་། ཨིན་ཇིའི་གནས་ཚད་ནི་གང་ལས་ཀྱང་སྐྱོ་བ་དང་།
ཐ་ན་མི་ཕན་ཚུན་དབར་གྱི་སྤྱི་བཏང་གི་འབྲེལ་མོལ་ཙམ་ཡང་བྱེད་མི་ཐུབ་པའི་གནས་ཚུལ་ཞིག་ཡོད་པ་ནི་ཡ་མཚན་དངོས་བྱུང་རང་རེད།
འདི་དག་ལ་བསམ་གཞིགས་རེ་བྱེད་དུས།
ང་ཚོས་གང་ཞིག་ནས་འཁྱུག་པ་དང་། གང་ནས་ནོར་བའི་རྒྱུ་རྐྱེན་དག་ལ་མནོ་བསམ་ཞིག་མ་གཏང་ཀ་མེད་དུ་གྱུར་ཡོད།
རྒྱུ་རྐྱེན་དེ་དག་ལ་ཞིབ་འཇུག་གིས་རྣག་ཐོག་ཁབ་བཙགས་རེ་བྱེད་དུས། ཐུན་མོང་གི་ལན་ཞིག་ཡོད་པ་དེ་ནི།
ཡ་ལ་འཛུགས་རྒྱུ་དེ་རེད།
དང་ཐོག་དགེ་རྒན་གྱིས་ཕྲུ་གུའི་ཕ་མ་ལ་ཡ་ལ་བཙུགས་ཤིང་།
ཕ་མས་དགེ་རྒན་ལ་ཡ་ལ་བཙུགས། ཁོང་གཉིས་མཉམ་རུབ་ཀྱིས་སྤྱི་ཚོགས་དང་ཁོར་ཡུག་ལ་ཡ་ལ་བཙུགས་ཤིང་།
སྤྱི་ཚོགས་ཀྱིས་གཞུང་དང་སློབ་གྲྭ་ལ་ཡ་ལ་བཙུགས། གཞུང་དང་སློབ་གྲྭས་ཁ་གཅིག་གྲགས་ཀྱིས་དགེ་རྒན་དང་ཕ་མ་ལ་ཡ་ལ་བཙུགས་ཏེ་ཡ་ལ་འཛུགས་པའི་འཁོར་ལོ་དེ་ནི་ཟས་ཀྱི་རྒྱུན་འཁོར་ལྟར་མགོ་མཇུག་མེད་ཅིང་།
འཇུ་ས་མེད་པ་ཞིག་ཏུ་གྱུར་པ་མ་ཟད། རང་རང་གི་ཕྱོགས་ནས་བསམ་ན་རྒྱུ་མཚན་ཡ་མ་ཟུང་འགའ་རེ་ཡང་མཐོང་རྒྱུ་ཡོད།
དེ་རིང་ཁོ་བོས་འདིར་བཤད་འདོད་པ་ནི།
གཞུང་དང་དབུས་ནས་ནི་བཀོད་ཁྱབ་གཏོང་བ་ཙམ་ལས་དེ་ཙམ་གནང་རྒྱུ་མེད་ཅིང་། ཕ་མ་དང་ཁྱིམ་ཚང་ལ་འབྲེལ་བ་ཤིན་ཏུ་ཆེ་ཡང་ཕྲུ་གུ་རང་རང་གི་ཕ་མ་མི་འདྲ་བ་དང་།
ཤིན་ཏུ་མང་བས་ཕ་མ་ལ་བཀོད་ཇུས་གཏོང་ཐབས་ཀྱང་ཅུང་དཀའ་ཞིང་། ཁོར་ཡུག་དང་སྤྱི་ཚོགས་ཞེས་པ་དེ་ནི་འདི་རེད་ཅེས་ངོས་འཛིན་རྒྱུ་མེད་པས་འགྱུར་ལྡོག་གཏོང་དཀའ་བ་ཡིན།
དེས་ན། ང་ཚོས་སྤྱི་ཚོགས་འདི་འགྱུར་བ་དང་ཡར་རྒྱས་ཆེན་པོ་གཏོང་ཐུབ་མཁན་གཅིག་ཡོད་པ་དེ་ནི་སློབ་གྲྭའི་དགེ་རྒན་དེ་དག་ཡིན།
སློབ་གྲྭའི་ནང་དགེ་རྒན་དེ་ཙམ་མང་པོ་ཡང་མེད་ཅིང་། གང་ཡོད་པ་དེ་སྤུས་ཚད་ལྡན་པ་ཞིག་ཡོད་ན།
ཁོང་རྣམ་པའི་བརྒྱུད་ནས་སློབ་ཕྲུག་གི་བསམ་བློའི་འཁྱེར་སོ་དང་། སློབ་སྦྱོང་གི་འདུན་པ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པ་ནི་མི་བཤད་མི་དགོས་པ་ཞིག་རེད།
དེང་སང་ང་ཚོའི་སྤྱི་ཚོགས་ནང་དགེ་རྒན་ཡེ་ནས་གནང་མ་མྱོང་བའི་མི་བུ་དག་གིས་ཁ་གཡང་གི་སྐད་ཆ་དུ་མ་ཞིག་བརྗོད་བཞིན་པ་དེ་ནི་འགན་ཁུར་མེད་པའི་སྐད་ཆ་ཞིག་ཏུ་སྣང་ལ།
དགེ་རྒན་ཞིག་ལ་འཁན་འཁྲི་དང་རྡོག་ཁྲེས་ཇི་ཙམ་ཡོད་པ་ནི་སྤྱི་ཚོགས་ནང་དགེ་རྒན་གནང་མྱོང་མཁན་ཞིག་གིས་མ་གཏོགས་ཤེས་མི་ཐུབ་ལ་ཚོར་ནི་དེ་བས་ཀྱང་མི་ཐུབ།
དགེ་རྒན་ལ་གཞན་དང་མི་འདྲ་བའི་དཀའ་ངལ་དང་འགན་འཁྲི་ཆེན་པོ་ཞིག་ཡོད་པ་ནི་དངོས་ཡོད་ཡིན་ཞིང་།
གཟི་བརྗིད་ཅིག་ཀྱང་རེད།
འོན་ཏེ། འགན་འཁྲི་ཞེས་པ་དེ་ནམ་ཡང་ཚོར་མ་མྱོང་བ་དང་ཚོར་མི་འདོད་པའི་ད་ཡོད་ཀྱི་དགེ་རྒན་ཁ་ཤས་ཀྱང་མཐོང་རྒྱུ་དང་རིག་རྒྱུ་ཡོད་ཅིང་།
རང་གིས་སློབ་ཚན་དེ་ལེགས་པོར་མི་ཤེས་པ་དང་ཤེས་ཐབས་ཀྱང་མི་བརྩོན་པའི་དགེ་རྒན་འགའ་རེ་ཡང་མཐོང་རྒྱུ་ཡོད།
དེ་དག་གི་རྐྱེན་པས་སློབ་ཕྲུག་གི་དོ་དབྱིངས་རྣམས་མེད་པར་གྱུར་པ་མ་ཟད། སློབ་ཕྲུག་དེ་རྣམས་རྗེས་སུ་དགེ་རྒན་ཞིག་བྱེད་པའི་ཚེ་ཡང་ཕ་ངན་བུ་ངན་དང་འདྲ་བར་སྔོན་གྱི་དགེ་རྒན་དང་གཅིག་མཚུངས་ཤིག་ལས་མི་ཡོང་སྟབས་ཕྱོགས་ཡོངས་ནས་འཐུས་ཤོར་དང་ཉམས་ཆགས་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད།
ང་ཚོས་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པར་ཞིབ་འཇུག་ཅིག་གྱིས་དང་།
རང་གིས་ཨིན་ཇིའི་སྐད་ལེགས་པོར་མི་ཤེས་པ་དང་། འབྲི་ཡང་ཡག་པོ་མི་ཤེས་མཁན་ཞིག་གིས་སློབ་ཕྲུག་ལ་སློབ་འཁྲིད་ཇི་ལྟར་བྱེད་ཐུབ།
དེ་བཞིན་རང་གིས་ནག་པང་ཐོག་བོད་ཡིག་འབྲུ་གཅིག་ཀྱང་འབྲི་མི་ཤེས་པ། འབྲི་མི་ཕོད་པ། འབྲི་མི་འདོད་པའི་དགེ་རྒན་ཞིག་གིས་རང་གི་སློབ་ཕྲུག་ལ་སློབ་འཁྲིད་ཇི་ལྟར་བྱེད་ཐུབ།
དེའི་རྐྱེན་གྱིས་སློབ་ཕྲུག་གིས་ཀྱང་འབྲི་མི་ཤེས་པ་དང་།
འབྲི་མི་ཤེས་པ་དེས་འབྲི་རྒྱུ་གལ་མི་ཆེ་བའི་ལྟ་ཚུལ་དང་འདུ་ཤེས་བཟུང་ཞིང་། མཐའ་མཇུག་དེར་སློབ་ཕྲུག་ཐམས་ལག་རྡུམ་དུ་བསྒྱུར་ཅིང་།
དེ་ནས་བོད་པའི་ཕྲུ་གུ་བོད་ཡིག་ལ་དོ་སྣང་མི་འདུག་ཅེས་ཡང་གོང་དུ་ཞུས་པའི་ཡ་ལའི་འཁོར་ལོ་དེ་སྐོར་མགོ་འཛུགས་ངེས་རེད་ལ།
འཁོར་ལོའི་ནང་འཁོར་མཁན་ནི་ཉམས་ཐག་པའི་དགེ་རྒན་རང་ཉིད་ཡིན་པ་དང་། ཡ་ང་བའི་ཕྲུ་གུ་དེ་དག་ནི་ནག་ཉེས་མེད་པའི་ཉེས་ཅན་པ་རྐྱང་རྐྱང་ཞིག་ཏུ་འགྱུར་རྒྱུ་རེད།
དགེ་རྒན་རང་ཉིད་ཡི་གེ་འབྲི་རྒྱུར་དགའ་ཞེན་དང་དོ་དབྱིངས་ཡོད་པ་དང།
དེ་བཞིན་འཛིན་གྲྭའི་ནང་རང་གིས་རྩོམ་ཡིག་འདྲ་མིན་འབྲི་བ་དང་། ངོ་སྤྲོད་བྱེད་པ། སློབ་མ་ལའང་འབྲིར་བཅུག་པ་དང་།
འགྲེལ་བཤད་བྱེད་དུ་བཅུག་པ་སོགས་བྱེད་ན། ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་ཇི་ཙམ་ཞིག་ཡོད་ཀྱང་སློབ་མའི་བོད་ཡིག་ལ་དགའ་ཞེན་དང་སྤྲོ་སྣང་ནམ་ཡང་རླག་ཐབས་མེད་པ་ནི་ཆོས་ཉིད་དུ་གྲུབ་ཡོད་ལ།
ཁོ་བོའི་ཉམས་མྱོང་གི་སྡོམ་ཚིག་ཅིག་ཀྱང་ཡིན།
མདོར་ན། དེང་རབས་ཀྱི་སྤྱི་ཚོགས་འདིར།
འདི་བྱེད་དགོས་དེ་བྱེད་མི་ཆོག་ཅེས་བཙན་སྐུལ་གཏང་ས་ཡེ་ནས་མེད་ཅིང་། བྱེད་རོགས་ཞེས་རེ་སྐུལ་ཞུ་ས་ཡང་སུ་གཅིག་མེད།
སྐད་ཆ་མང་པོ་བཤད་པས་ཀྱང་མི་ཕན་ལ་གནས་ལུགས་མང་པོ་དྲངས་པས་ཀྱང་མི་ཕན། ཐབས་ཤེས་གཅིག་ཡོད་པ་དེ་ནི།
རང་གིས་སློབ་ཚན་དེ་ཡག་པོ་ཤེས་པའི་ཐོག་ནས་སློབ་འཁྲིད་ལེགས་པོ་ཞིག་བྱེད་ཚེ། སློབ་མའི་དོ་སྣང་དེ་འགུག་ཐུབ་ལ།
རང་གིས་མང་པོ་མི་བཤད་པར་རང་གིས་རྩོམ་དང་སྙན་ངག་འབྲི་བ་སོགས་བྱས་ནས་བསྟན་ཚེ། སློབ་མའི་བོད་ཡིག་ལ་དགའ་ཞེན་སྐྲུན་ཐུབ།
དེ་ལྟར་བྱུང་ན་རེ་སྐུལ་ཞུ་དགོས་དོན་མེད་ལ། བཙན་སྐུལ་ནི་དེ་བས་གཏོང་མི་དགོས་པར་ངམ་ངམ་ཤུགས་ཤུགས་ཀྱིས་སློབ་སྦྱོང་ལ་ཞུགས་ངེས་ཡིན།
གལ་ཏེ། ཐུགས་ཡིད་མ་ཆེས་ན།
རང་གི་བོད་ཡིག་དགེ་རྒན་གྱིས་ནག་པང་ཇི་ཙམ་བཀོལ་སྤྱོད་བྱས་མིན་དང་། ལོ་ཤས་ནང་དགེ་རྒན་རང་གིས་རྩོམ་ཡིག་གསར་པ་གང་ཞིག་བྲིས་འདུག་མིན་ལ་ཞིབ་འཇུག་ཅིག་གྱིས་དང་གསལ་པོར་ཤེས་ངེས་རེད། རང་གིས་རྩོམ་ཡིག་ཚད་ལྡན་ཞིག་འབྲི་མི་ཐུབ་ན་གཞན་ལ་འབྲི་སྟངས་ཇི་ལྟར་སློབ་རྒྱུ་ཡིན།
དགེ་རྒན་ཞིག་ཡིན་ན་རང་ཉིད་ལ་ཕྱིར་འདང་ཞིག་རྒྱག་དགོས་ངེས་རེད་ལ། སློབ་མ་ཞིག་ཡིན་ན་རང་གི་དགེ་རྒན་གྱིས་རྩོམ་ཡིག་གང་ཞིག་བྲིས་མིན་ལ་ཕྱིར་བལྟས་ཤིག་བསློགས་ནས་བལྟས་ན།
གནས་ཚུལ་ཚང་མ་གསལ་པོར་འགྱུར་ངེས་རེད།
དེས་ན། སློབ་གྲྭའི་ནང་ལག་འཁྱེར་མཐོ་དམན་དང་། ཆེ་ཆུང་། སྲབ་མཐུག་ལ་མི་ལྟ་བར་ཤེས་ཚད་གཙོ་བཟུང་གིས་དགེ་རྒན་ཚད་ལྡན་གང་མང་འདེམས་སྒྲུག་ཡོང་ཐབས་དང་།
དགེ་རྒན་དེ་རྣམས་ཀྱང་བཤད་ཤེས་པ། འབྲི་ཤེས་པ།
བྱེད་ཤེས་པ་བཅས་ཤེས་པ་གསུམ་ལྡན་ཞིག་དགོས་གལ་ཆེ་བས། བོད་མི་རིགས་ལ་རེ་བ་གསར་པ་ཞིག་དགོས་ན།
དགེ་རྒན་ཚད་ལྡན་གང་མང་ཞིག་སྐྱེད་སྲིང་དགོས་ཤིང་། དགེ་རྒན་རྣམས་ལ་ལོ་རེ་ནས་ལོ་རེར་ཞིབ་འཇུག་གནད་འཁེལ་ཞིག་བྱས་ནས།
ཉ་ཉུང་མཉམ་བསྲེ་མིན་པར་དཀར་ནག་ཤན་འབྱེད་ཅིག་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་སྙམ།
རྗེས་སུ་སློབ་འཁྲིད་དང་འབྲེལ་བའི་སྐོར་གང་མང་འགོད་ངེས་ཡིན་ལ།
འདིར་གང་བཤད་པ་དེས་སུ་དང་གང་ལ་ཕོག་ཐུག་བྱུང་ཡོད་ན་བཟང་སྤྱོད་ཀྱི་ཐོག་ནས་བཟོད་གསོལ་ཞུ་རྒྱུ་ལས།
ཕོག་དགོས་ས་ལ་ཕོག་དགོས་ལ། ཕན་དགོས་ས་ལ་ཕན་དགོས་པ་ནི་རྩོམ་ཐུང་འདིའི་རེ་བ་ཡང་ཡིན་ཞིང་།
རང་ཉིད་ཕོག་ས་དེ་ཡིན་དང་ཕན་ས་དེ་ཡིན་མིན་ནི་ཁ་ནང་ལ་བལྟས་ནས་ཞིབ་འཇུག་ཅིག་བྱེད་དང་ཤེས་ངེས་རེད།
འདི་ལ་དགག་བཞག་སྤོང་གསུམ་ཅི་འདྲ་ཞིག་གནང་ཡང་གྲ་སྒྲིག་ཨང་གསར་ཡོད་ལ།
ལྐོག་ལྐོག་སུལ་སུལ་གྱི་རྒྱབ་བཤད་ལ་ཁ་ཡ་ཙམ་ཡང་མི་བྱེད་པ་ནི་ཁོ་བོའི་འགྱུར་དུ་མེད་པའི་རང་གཤིས་ཡིན་པས་དེ་ལུགས་དགོངས་འཇགས་འཚལ་ལོ།།