Friday, July 12, 2013

དགེ་རྒན་ཞིག་ཡིན་ན།

དེ་རིང་དཔེ་དེབ་ཅིག་ཀློག་བཞིན་བསམ་གཞིགས་ཤིག་བྱས་དུས། དགེ་རྒན་ཞེས་པའི་ཐོག་བསམ་བློ་ཞིག་མ་བཏང་ཀ་མེད་བྱུང་།
དགེ་རྒན་ཞིག་བྱེད་ན། སློབ་སྦྱོང་ཡག་ཏུ་འགྲོ་འམ། སྐྱོ་རུ་འགྲོ ཞེས་པའི་དྲི་བ་གཉིས་པོ་དེ་ངས་ཁྱེད་རྣམས་ལ་འདྲི་འདོད་ཅིང་། ངས་རང་ཉིད་ལའང་འདྲི་འདོད།
དགེ་རྒན་ཞིག་བྱེད་ན་སློབ་སྦྱོང་ཡག་ཏུ་འགྲོ་སྟེ། སློབ་མ་ལ་བསླབས་དགོས་སྟབས་རང་གིས་གྲ་སྒྲིག་བྱེད་པ་དང་བསྐྱར་སྦྱོང་བྱེད་པས་སྔར་སྦྱངས་རྣམས་མི་བརྗེད་པ་སོགས་ཀྱི་དགེ་ཕན་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད།
དགེ་རྒན་ཞིག་བྱེད་ན་སློབ་སྦྱོང་སྐྱོ་རུ་ཡང་འགྲོ་སྟེ། སློབ་མ་རྣམས་ལ་བསླབ་རྒྱུའི་སློབ་ཚན་གྲ་སྒྲིག་ཙམ་ལས་དཔེ་དེབ་གཞན་མི་ཀློག་པ་དང་། བསླབ་གཞི་ཡང་སྔར་གང་སྦྱངས་ལས་དཔེར་བརྗོད་རྣམསས་ཀྱང་ལོ་མང་སྔོན་ནས་བཞག་པའི་དཔེར་བརྗོད་རྣམས་རང་འཇགས་ལས་བརྗོད་གཞི་གསར་པ། དཔེར་བརྗོད་གསར་པ། ཐབས་ལམ་གསར་པ་སོགས་ལ་ཡེ་ནས་མི་བསམ་པར་འདུག་ན་དགེ་རྒན་ཞིག་བྱེད་པས་རང་གི་སློབ་སྦྱོང་སྐྱོ་རུ་གཏོང་བ་དང་། སློབ་མ་ཚོའི་ཤེས་ཚད་ཀྱང་སྐྱོ་རུ་བཏང་བ་ཡིན།
དེང་སང་ང་ཚོས་མིག་གི་མཐོང་བའི་སློབ་དགེ་མང་པོ་ཞིག་གིས་བསླབ་གཞི་ལས་གཞནཔའི་དཔེ་དེབ་མི་ཀློག་པ་དང་། བགྲོ་གླེང་མི་བྱེད་པ། ཤག་ཏུ་སླེབས་རྗེས་གློག་བརྙན་ལྟ་བ་ལས་སློབ་སྦྱོང་ཡེ་ནས་མི་བྱེད་པ། སྔོན་སློབ་གྲྭའི་སྐབས་ཀྱི་དཔེར་བརྗོད་རྣམས་ནག་པང་ཐོག་བྲིས་པ་དང་། རང་གིས་གསར་པ་དང་སློབ་མའི་བསམ་བློ་དང་འཚམས་པ་ཞིག་ཡེ་ནས་འབྲི་མི་ཤེས་པ་དང་། འབྲི་ཨེ་ཤེས་མི་ལྟ་བ་སོགས་མཐོང་རྒྱུ་ཡོད་པས། དགེ་རྒན་ཞིག་ཡིན་ན་རང་གིས་དཔེ་དེབ་འདྲ་མིན་ཀློག་རྒྱུ་དང་། ཀློག་པ་ཙམ་མ་ཟད་རང་གིས་ཀྱང་འདྲ་མིན་འབྲི་ཨེ་ཐུབ་ལྟ་དགོས་པ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ལྟར་མི་བྱེད་ན་རང་གི་མིག་མདུན་གྱི་སློབ་མ་མང་པོ་ཞིག་གི་མི་ཚེ་དང་སློབ་སྦྱོང་འཕྲོ་བརླག་གཏོང་གི་ཡོད་པ་དེ་ངེས་པར་དུ་ཚོར་དགོས་སྙམ།

དགེ་རྒན་ཞིག་གི་ཉིན་རེའི་བྱེད་ཕྱོགས།
༡། ཉིན་རེར་དཔེ་དེབ་ཆུ་ཚོད་གསུམ་རིང་ངེས་པར་ཀློག་རྒྱུ།
༢། བདུན་རེའི་ནང་རྩོམ་ཡིག་ཅིག་མ་མཐའ་ཡར་འབྲི་རྒྱུ།
༣། སློབ་ཚན་གཞན་ལའང་དོ་སྣང་སྤྲད་རྒྱུ།
༤། སློབ་དགེ་གཞན་དང་འབྲེལ་བ་བྱས་ཏེ་ཐབས་ལམ་སོགས་བགྲོ་གླེང་བྱེད་རྒྱུ།
༥། དྲ་ཚིགས་དང་དཔེ་དེབ་འདྲ་མི་བསྔོགས་ཏེ་ཐབས་ལམ་གསར་པ་སོགས་འཚོལ་རྒྱུ།
༦། རང་གིས་བསླབ་སྟངས་ལ་དགེ་སྐྱོན་ཇི་ཡོད་རྟོག་ཞིབ་བྱེད་རྒྱུ།
༧། སློབ་མ་རྣམས་ལས་སུ་ད་སུ་ལ་དམིགས་བསམ་ལྟ་རྟོགས་དགོས་མིན་ཞིབ་འཇུག་བྱེད་རྒྱུ།
༨། སློབ་ཚན་མ་འཁྲིད་གོང་བསླབ་གཞི་ལ་ཆུ་ཚོད་གཅིག་རིང་བསྐྱར་ཀློག་བྱེད་རྒྱུ།
༩། སློབ་མ་ལ་བསླབ་གཞི་ཙམ་མིན་པར་དཔེ་དེབ་གཞན་རྣམས་ངོ་སྤྲོད་བྱེད་རྒྱུ།
༡༠། མདོར་ན། བསླབ་གཞི་ལ་བརྒྱ་ཆ་༤༠་དང་། སྤྱིའི་ཤེས་ཡོན་ལ་བརྒྱ་ཆ་༦༠སྤྲོད་ཐུབ་པ་བྱེད་རྒྱུ།

༢༠༡༣། ༧། ༡༣ ཉིན་གྱི་ཞོགས་པར་འདིའི་སྐོར་རྩོམ་ཡིག་ཅིག་འབྲི་དགོས་བསམས་ཤིང་། རྗེས་སུ་བྲི་བར་འགྱུར་བའི་སློབ་འཁྲིད་དང་འབྲེལ་བའི་སྐོར་རྩོམ་ཡིག་གི་ཟིན་ཐོའི་ཚུལ་དུ་ཤར་མར་བྲིས།