Saturday, February 16, 2013

ཐ་སྙད་འགའ་ཤས་ཀྱི་གསེད་དཀྲོལ།


ཐ་སྙད་འགའ་ཤས་ཀྱི་གསེད་དཀྲོལ


འདིར་གང་གླེང་བར་བྱ་བ་ནི། བོད་ཀྱི་སྐད་དང་ཡི་གེའི་ནང་གི་མིང་འདྲ་ཞིང་དོན་ཡང་ཉེ་བའི་མིང་ཚིག་མི་ཉུང་ཞིག་ནི་བོད་ཀྱི་སྐད་ཡིག་གི་ནང་ཡོད་མུས་ཡིན་གཤིས་བློ་གསར་རྣམས་ལ་མིང་ཚིག་དེ་དག་བཀོལ་སྤྱོད་གང་དུ་བྱེད་དགོས་མིན་སོགས་ཀྱི་དཀའ་ངལ་རྒྱུན་དུ་འཕྲད་བཞིན་པར་བརྟེན་ཁོ་བོས་བརྡ་དག་དང་གཞུང་ལུགས་ཁག་ལ་གང་ནུས་ཀྱིས་ནན་ཞིབ་ཞུས་ཁུལ་གྱིས་བསྒྲིགས་པ་ཡིན།
                               

 འཕྲུལ་དང་འཁྲུལ་གྱི་ཁྱད་པར།

འཕྲུལ་དང་འཁྲུལ་གཉིས་མིང་འདྲ་ཞིང་དོན་ཡང་འདྲ་བས་ང་འདྲ་བའི་སློབ་བུ་མང་པོ་ཞིག་གིས་ཁྱད་པར་འབྱེད་དཀའ་བའི་གྲས་ཤིག་ཡིན། དེ་ཡང་། འཕྲུལ་ནི་ཡུལ་དེའི་གཡོ་བ་ལ་བརྟེན་ནས་དོན་དེ་ཇི་བཞིན་ངེས་མི་ཐུབ་པའི་དོན་དུ་འཇུག་སྟེ། དཔེར་ན། སྒྱུ་མ་མཁན་གྱིས་མིག་འཕྲུལ་བསྟན། ཞེས་པ་ལྟ་བུ་སྒྱུ་མ་མཁན་གྱིས་སྔགས་རྫས་ཀྱི་སྟོབས་ཀྱིས་དོན་དེ་ཇི་ཡིན་གསལ་པོར་ཤེས་མི་ཐུབ་པར་བཟོས་པས་མིག་འཕྲུལ་ཞེས་བརྗོད།
མདོར་ན། འཕྲུལ་ཞེས་པ་ནི་སྤྲུལ་དང་ཉེ་ཞིང་། རྫུ་འཕྲུལ་ཞེས་པ་ལྟ་བུའོ།
འཁྲུལ་ནི་དོན་དེ་མ་ཡིན་པར་དོན་དེར་འཛིན་པ་ལ་འཇུག་ཅིང་། དཔེར་ན། མིག་འཁྲུལ་ནས་གངས་རི་སྔོན་པོར་སྣང་། ཞེས་པ་ལྟ་བུ་རང་ཉིད་ཀྱི་མིག་འཁྲུལ་བ་ལ་བརྟེན་ནས་གངས་རི་དེ་ཉིད་སྔོན་པོར་མེད་བཞིན་དུ་དེ་ལྟར་སྣང་བ་ཡིན་པས་དེ་ལ་འཁྲུལ་བ་ཞེས་བརྗོད།

འཕྲུལ་སྣང་དང་འཁྲུལ་སྣང་གཉིས་ཀ་གཞུང་དུ་མང་དུ་འབྱུང་བས་གཉིས་ཀ་དག་པ་ཡིན་ཡང་དོན་མི་འདྲ་སྟེ། འཕྲུལ་སྣང་ཞེས་པ་དེ་ཡུལ་དེའི་གཡོ་བ་ལ་བརྟེན་ནས་དོན་ཇི་བཞིན་ངེས་མི་ཐུབ་པའི་ཆ་ནས་འཇོག་ལ། འཁྲུལ་སྣང་ཞེས་པ་དེ་དོན་དེ་ཇི་བཞིན་མ་ངེས་པ་ཙམ་མ་ཟད་དོན་དེ་གནས་ལུགས་དང་མི་མཐུན་པར་འཛིན་པ་ཞིག་ལ་འཇོག་དགོས་པར་སྣང་། དཔེར་ན་སྒྱུ་མ་མཁན་གྱི་མིག་འཕྲུལ་བསྟན་ནས་མི་རྣམས་ཀྱི་མིག་ཡོངས་སུ་འཁྲུལ་བར་བྱས། ཞེས་པ་ལྟ་བུའོ།

མཐའ་དང་ཐ་ཡི་ཁྱད་པར།

དྲི་བ་འདི་རིགས་ནི་ཆུང་དྲགས་ནས་སུས་ཀྱང་མི་འདྲི་ལ། མི་འདྲི་བས་ཤེས་མཁན་ཡང་དཀོན་པོ་རེད།
མཐའ་ཞེས་པ་ཟུར་དང་མཚམས་སོགས་ལ་འཇུག་པ་ཡིན་ཏེ། དེ་ཡང་དཔེར་ན། བོད་འདི་གངས་རིས་མཐའ་ནས་བསྐོར། ཞེས་པ་ལྟ་བུ་མཚམས་ལ་གོ་བ་དང་། གྲལ་མཐའ་བ་དང་བྱང་སེམས་རྒྱུན་མཐའ་བ། ཞེས་པ་ལྟ་བུ་མཇུག་མ་ལ་གོ་བ་དང་། མཐའ་གཉིས་དང་བྲལ་བ། ཞེས་པ་ལྟ་བུ་ཟུར་ལ་གོ་བ་ཡིན།
ཐ་ཞེས་པ་སྟོབས་ཞན་པ་སོགས་ལ་འཇུག་པའང་ཡིན་ཏེ། སྐྱེས་བུ་རབ་འབྲིང་ཐ་གསུམ། ཞེས་པ་སོགས་ནི་ཞན་པ་ལ་འཇུག་པ་དང་། མི་ཡི་ཐ་མ། ཞེས་པ་ལྟ་བུའང་ཞན་པ་དང་ཉམས་པ་ལ་གོའོ།

འདིར་དཔྱད་འདོད་པ་ནི། ཐ་ཞེས་པ་འདི་དམན་པ་དང་ཞན་པ་ཙམ་མིན་པར་རྗེས་མ་དང་མཇུག་མ་ལའང་འཇུག་སྟེ། དཀོན་མཆོག་རྗེས་དྲན་གྱི་མདོ་ལས། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། ཞེས་ཐ་མ་དེ་མཇུག་མ་ལ་འཇུག་པ་དང། དེ་བཞིན་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཀྱང་དེ་བཞིན་འབྱུང་བས། མཇུག་མའི་དོན་གྱི་མཐའ་དང་ཐ་གཉིས་དོན་གཅིག་ཏུ་འཇུག་པ་འདྲ་སྟེ། འཕྲད་པའི་ཐ་མར་འབྲལ་བ་དང་། འཕྲད་པའི་མཐའ་མར་འབྲལ་བ་གཉིས་ཀ་དག་པར་འཇོག་དགོས་པས་སོ།
དག་གསར་ཞེས་པའི་ནང་། དུས་ཀྱི་མཇུག་མཐའ་སྟེ། སྐྱེས་པའི་ཐ་མར་འཆི་བ་ཡིན། ཞེས་ཐ་དེ་དུས་ཀྱི་མཇུག་ཏུ་སྦྱོར་འདུག་ལ། དུས་ཀྱི་མཇུག་ཏུ་ནི་མཐའ་ཡང་འཇུག་སྟེ། མཐའ་བཞི་བཤད་པའི་སྐབས། སྐྱེས་མཐའ་འཆི་བ། འདུས་མཐའ་འབྲལ་བ། བསགས་མཐའ་འཛད་པ།  མཐོ་མཐའ་ལྷུང་བ། ཞེས་དུས་ཀྱི་མཇུག་ལའང་གོ་བས། དུས་ཀྱི་མཇུག་གི་དོན་གྱི་མཐའ་དང་ཐ་གཉིས་དོན་གཅིག་ཏུ་འཇུག་པ་འདྲ་སྟེ། སྐྱེས་པའི་ཐ་མར་འཆི་བ་དང། སྐྱེས་པའི་མཐའ་མར་འཆི་བ་གཉིས་ཀ་དག་པར་འཇོག་དགོས་པས་སོ།
དེ་བཞིན་མཐའ་ཡི་དོན་ནི། རྣམ་བཤད་རིགས་པ་ལས། ། མཐའ་ནི་ཟད་དང་འཇུག་ཆ་ དང་།། ཉེ་དང་ཕྱོགས་དང་སྨད་པ་ལའོ།། ཞེས་འཇུག་ཡུལ་མང་དུ་གསུངས་པས་ཞིབ་ཏུ་དཔྱོད་ན་ཅུང་དཀའ་བར་སྣང་།

མདོར་ན་ཁོ་བོའི་བསམ་དོན་ནི། མཐའ་མ་དང་ཐ་མ་གཉིས་མཇུག་མའི་དོན་དུ་དེ་གཉིས་གང་ཞིག་སྦྱོར་ཡང་ཁྱད་པར་གང་ཡང་མེད་ལ། ཁྱད་པར་ཡོད་པ་ནི་དམན་པ་དང་ཞན་པའི་དོན་དུ་ནི་ཐ་མ་ཁོ་ན་འཇུག་པ་ལས་མཐའ་མ་ནམ་ཡང་མི་འཇུག དེ་བཞིན་མཚམས་དང་སྣེའི་དོན་ལ་ནི་མཐའ་མ་ཁོ་ན་འཇུག་པ་ལས་ཐ་མ་གཏན་ནས་མི་འཇུག་སྟེ། དཔེར་ན། སྐྱེས་བུ་རབ་འབྲིང་ཐ་གསུམ་ཞེས་པ་ལས་རབ་འབྲིང་མཐའ་གསུམ་ཞེས་གཏན་ནས་མི་ཟེར་བ་དང་། གངས་རིས་མཐའ་ནས་བསྐོར་བ་ཞེས་པ་ལས་ཐ་ནས་བསྐོར་བ། ཞེས་མི་ཟེར་བ་ལྟ་བུའོ།
ད་དུང་དེ་ལས་འཕྲོས་པའི་མཐའ་ཡི་དོན་འཇུག་པའི་མཐའ་རྒྱ་དང་མཐར་ཐུག མཐའ་འཛིན་སོགས་དང་། དེ་བཞིན་ཐ་ཡི་དོན་འཇུག་པའི་ཐ་མལ་སོགས་ལ་དཔྱད་པར་བྱ་བ་མང་ན་ཡང་། འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ།

ཟློག་དང་ལྡོག་གི་ཁྱད་པར།

ཉིན་ཞིག་བདག་གི་དགེ་བའི་བཤེས་གཉེན་རྒན་ཟླ་བ་ཚེ་རིང་མཆོག་གིས་རྣམ་འགྲེལ་གྱི་དཔེ་ཁྲིད་ཅིག་གི་སྐབས། སློབ་དཔོན་གྱི་འཁྲུལ་བ་ཟློག་པ་ཞེས་པའི་ཐད། ཟློག་དང་ལྡོག་གི་ཁྱད་པར་གང་ཡོད་ཡོད་མེད་ཀྱི་དྭོགས་གཞི་དང་འབྲེལ་བའི་སློབ་ཁྲིད་ཅིག་གནང་བྱུང་བས། གཞིས་ནས་དེ་གཉིས་ཀྱི་ཁྱད་པར་ཞིག་འབྱེད་དགོས་པ་དྲན་བྱུང་།
ཟློག་པ་དང་ལྡོག་པ་གཉིས་ལ་ཁྱད་པར་གང་ཞིག་ཡོད་དམ། དག་ཡིག་གི་གཞུང་ནང་དུ། ཟློག་ཅེས་པ་བྱེད་འབྲེལ་ལས་ཚིག་ཡིན་པ་དང་། དེ་ཡང་གང་ཞིག་འགོག་པར་བྱེད་པའི་དོན་དུ་འཇུག་ཅེས་བཤད། དཔེར་བརྗོད་དུ། དགྲ་ཟློག་པ་ཞེས་བཀོད་ཡོད། ལྡོག་ ཅེས་པ་ནི། བྱ་བྱེད་ཐ་མི་དད་པ་ཡིན་ཞིང་། ལོག་པ་དང་ཕྱིར་འོངས་པ་སོགས་ལའཇུག་པར་བཤད། དཔེར་བརྗོད་དུ། ལམ་ནོར་ལྡོག་ནས་ལམ་ཡང་དག་པར་འགྲོ་ཞེས་བཀོད།

འདི་དག་ནི་སྤྱི་ཡོངས་ཀྱི་བཤད་སྲོལ་ཞིག་ཡིན་པས་དེ་དག་གི་སྦྱོར་ཚུལ་ལ་མི་མཐུན་པ་ཆེར་མེད། དྭོགས་གནས་ཡོད་ས་ནི། དཔེར་ན། ཆོས་གཉིས་མཚུངས་པ་ཟློག་པ་ཞེས་པའི་ཐད་ཟ་ཟློག་ དང་ལ་ལྡོག་གང་འབྲི་ན་དག་པ་ཡིན་མིན་དེ་རེད། སྙན་ངག་ལེའུ་གཉིས་པའི་ནང་། ཟློག་པའི་དཔེ་ཡི་སྐབས། དཔེ་དཔེ་ཅན་སྦྱོར་ཚུལ་གོ་ཟློག་པ་ལ་ཟློག་པའི་དཔེ་ཞེས་གོ་ཟློག་པ་ལ་ཟ་ཟློག་ཅེས་བྲིས་པ་ནི་སྙན་ངག་གི་གཞུང་ཚང་མའི་ནང་གཅིག་མཚུངས་ཡིན། གོ་རིམ་སོགས་ལྡོག་པ་༼ཟློག་པ༽ལ་ལྡོག་འབྲི་དགོས་པ་ལྟ་བུར་མཐོང་ སྟེ། ཚད་ མ་རྣམ་འགྲེལ་ལེའུ་གཉིས་པའི་ནང་ལུགས་འབྱུང་དང་ལུགས་ལྡོག་ཅེས་པའི་སྐབས་གཞུང་ ཁུངས་ཐུབ་ཀུན་གྱི་ནང་ལ་ལྡོག་བྲིས་ཡོད་པ་ལས་ཟ་ཟློག་བྲིས་པ་གཅིག་ ཀྱང་མེད།
དཔེ་ ཅན་གྱི་སྦྱོར་ཚུལ་གོ་རིམ་ཟློག་པ་ཞེས་ཟ་ཟློག་འབྲི་ལ། གཞན་དུ་ལ་ལྡོག་འབྲི་ དགོས་པའི་ཁྱད་པར་ཞིག་རྙེད་དཀའ། དེ་བཞིན། སྙན་ངག་གི་གཞུང་རང་ དུ། བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་གྱི་ཐད། མཚུངས་པ་ལས་ལྡོག་པར་བརྗོད་པས་ན་ ལྡོག་པའི་རྒྱན་ཞེས་ལ་ལྡོག་བྲིས་འདུག་པས། ལྡོག་དང་ཟློག་གི་ཁྱད་པར་གང་ཞིག་ ཡོད་མེད་འཚོལ་ཞིབ་བྱེད་དགོས་པའི་གནད་དུ་མཐོང་།

འདི་ དག་པ་དང་འདི་མ་དག་ཅེས་ཁ་ཚོན་གཅོད་ནས་བཤད་མི་ཐུབ་ཀྱང་། ཁོ་བོའི་རྨོངས་འཆར་ནི། ཟློག་དང་ལྡོག་གཉིས་སྐབས་གཅིག་གི་ནང་། ཚིག་གི་ སྦྱོར་ཚུལ་ཙམ་ལས་དོན་ལ་ཁྱད་པར་མེད་ཅིང་། གཉིས་ཀ་མིན་པ་དང་མེད་པའི་དོན་རང་ལ་འཇུག་པ་ཡིན། ཚིག་གི་སྦྱོར་ཚུལ་གྱི་ཁྱད་པར་ནི། དཔེ་དཔེ་ཅན་གཉིས་མཚུངས་ པ་ཟློག་པ་ཞེས་ཟ་ཟློག་འབྲི་ལ། དཔེ་དཔེ་ཅན་གཉིས་མཚུངས་པ་ལས་ལྡོག་པ་ཞེས་ལ་ ལྡོག་འབྲི་དགོས་པ་གཞུང་ལུགས་མང་པོའི་ནང་འབྱུང་བས། མདོར་ན་བར་དུ་ལས་ཀྱི་ཕྲད་ཡོད་ན་ལ་ལྡོག་ཅེས་འབྲི་བ་དང་། དེ་མེད་ན་ཟ་ཟློག་ཅེས་འབྲི་དགོས་པར་སྣང་།

རྒྱུ་མཚན་ནི། ཟློག་ཅེས་པ་དེ་བྱེད་འབྲེལ་ལས་ཚིག་ཡིན་པ་དང་། དཔེ་དཔེ་ཅན་གཉིས་ཀྱི་མཚུངས་པ་དེ་ཟློག་པར་བྱེད་པས་ན་ཟ་ཟློག་འབྲི་བ་དང་། ལ་ལྡོག་དེ་བྱེད་མེད་ལས་ཚིག་ཡིན་པ་དང་། དཔེ་དཔེ་ཅན་གཉིས་མཚུངས་པ་ལས་ལྡོག་པ་ཞེས་དཔེ་དཔེ་ཅན་གཉིས་མཚུངས་པ་མིན་པ་ཙམ་བསྟན་ནོ་སྙམ།
འདི་ལས་འཕྲོས་ཏེ་ལྡོག་པའི་དོན་གྱི་སྐོར་དཔྱད་པར་བྱ་བ་མང་ན་ཡང་མངས་སུ་དྭོགས་ནས་དེ་ཙམ་གྱིས་འཐུས་པར་བྱས་སོ།།

ཆུང་དུས་སུ་བྲིས་ཤིང་། ད་ལྟ་ཡིག་ཉོག་གསེབ་ཏུ་འདུག ཕལ་ཆེར་སློབ་གྲྭའི་དུས་དེབ་ཏུ་བཀོད་ཡོད་ཚོད།