Sunday, January 6, 2013

སྙན་ངག་ལེའུ་གཉིས་པའི་རྒྱན་སོ་སོའི་གོ་དོན་དང་། དཔེར་བརྗོད་ཕྱོགས་བསྡུས།


སྙན་ངག་མཁན་པོ་མཁས་དབང་བེ་རི་འཇིགས་མེད་དབང་རྒྱལ་མཆོག་གི་ཞལ་ལས་བྱུང་བའི་སྙན་ངག་ལེའུ་གཉིས་པའི་རྒྱན་སོ་སོའི་གོ་དོན་དང་། དཔེར་བརྗོད་ཕྱོགས་བསྡུས། 

༄༅། །འདིར་བཤད་སྙན་ངག་གཞུང་གི་སྔོན་འགྲོ་ལ་གསུམ།
དང་པོ་སྙན་ངག་ཤེས་པའི་ཕན་ཡོན་ནི། འཆད་དང་རྩོད་དང་རྩོམ་པ་དང་།། ཤགས་འགྱེད་ཟུར་ཟ་གླེང་མོལ་སོགས།། རྗོད་ཚིག་སྔ་ཕྱི་མི་འགལ་ཞིང་།། དོན་གྱི་ཆ་ལ་སྐྱོན་མེད་པ།། བློ་ལྡན་ཀུན་གྱི་གོ་སླ་བ།། སྙན་ངག་ཤེས་པའི་ཕན་ཡོན་ཡིན།།
གཉིས་པ་མ་ཤེས་པའི་ཉེས་དམིགས། རྗོད་དོན་ལོག་པར་བཀྲ་བ་དང་།། ཚིག་དོན་སྔ་ཕྱི་འབྲེལ་མེད་ཅིང་།། གྲོང་ཚིག་ཕལ་སྐད་འདྲེས་པ་ཙམ།། སྙན་ངག་མི་ཤེས་པ་ཡི་སྐྱོན།།
གསུམ་པ་ཕུན་སུམ་ཚོགས་པའི་རྒྱུ། རང་བཞིན་སྨྲ་བརྗོད་བདེ་བ་དང་།། བརྡ་སྤྲོད་མངོན་བརྗོད་སྡེབ་སྦྱོར་སོགས།། ཕྱི་དང་ནང་གི་བརྗོད་གཞི་ཀུན།། མང་ཐོས་བརྩོན་པས་ཕྱུག་པ་ནི།། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།།
དོན་རྒྱན། གང་ཞིག་བརྗོད་བྱ་དོན་གྱི་ཉམས།། གཙོ་བོར་འདོན་པ་དོན་རྒྱན་ཡིན།། འདི་དོན་ཉེ་བར་སྟོན་པའི་ཕྱིར།། སྙན་ངག་ལེའུ་བར་པ་གསུངས།། དེ་ལ་དབྱེ་ན་སོ་ལྔ་འོ།།
དང་པོ་རང་བཞིན་བརྗོད་པའི་རྒྱན། བརྗོད་བྱའི་དངོས་པོ་དེའི་རང་བཞིན་དྲང་པོར་བརྗོད་པའི་ཚིག་སྦྱོར་ཞིག་ལ་ཟེར། དབྱེ་ན་བཞི་ལས།

༡༽ རིགས་རང་བཞིན་བརྗོད་པ། གཙོ་བོ་རིགས་ཀྱི་ཆ་ལ་རང་བཞིན་དྲང་པོ་བརྗོད་པའི་རྒྱན།
དཔེར་ན། འཕུར་བྱེད་འདབ་མ་ཟུང་དང་རྐང་པ་རིང་།། སྟོན་དུས་ཤར་ནས་ལྷོ་ཡི་ཕྱོགས་སུ་འཕུར།།
            ལུས་དཀར་མཇུག་མ་ནག་པོའི་འདབ་ཆགས་བྱ།། ཁྲུང་ཁྲུང་འདི་དག་མཐོང་ན་ཡིད་ག་འོང་།།
༢༽ བྱ་བ་རང་བཞིན། གཙོ་བོ་བྱ་བའི་ཆ་ལ་རང་བཞིན་དྲང་པོ་བརྗོད་པའི་རྒྱན།
དཔེར་ན། རེབ་སྐོང་རིགས་པ་འབྱུང་བའི་གྲོང་ན་བལྟམས།། འཕགས་བོད་རྒྱལ་ཁམས་རིག་པའི་ལམ་ནས་བསྐོར།། གངས་ཅན་རིགས་པའི་གཞུང་ལུགས་འཕེལ་བའི་སླད།། དགེ་ཆོས་མཁས་པས་ལེགས་བཤད་སྣ་མང་བྲིས།།
༣༽ ཡོན་ཏན་རང་བཞིན། གཙོ་བོ་ཡོན་ཏན་གྱི་ཆ་ལ་རང་བཞིན་དྲང་པོ་བརྗོད་པའི་རྒྱན། དཔེར་ན།
བཟང་དྲུག་གཅིག་ཏུ་བསྡུས་པའི་སྨན་སྦྱོར་གྱིས།། གདོས་བཅས་ལུས་ཀྱི་ཟུག་རྔུ་འཇོམས་པ་དང་།། ཚ་གྲང་འབྱུང་ཁམས་མཉམ་པའི་སྟོབས་བསྐྱེད་ཅིང་།། དུས་མིན་འཆི་བའི་རྐྱེན་ལས་སྐྱོབ་པར་བྱེད།།
༤༽ རྫས་རང་བཞིན། གཙོ་བོ་རྫས་ཀྱི་ཆ་ལ་རང་བཞིན་དྲང་པོ་བརྗོད་པའི་རྒྱན། དཔེར་ན། གཡས་གཡོན་ཕྱག་ན་བེ་ཅོན་ཐོད་ཁྲག་གཡོ།། ལྟེ་བ་ཉི་ཤར་གཙུག་ན་ཟླ་བ་ཚེས།། རས་ལྡེ་སྟོད་གཡོགས་སྦྲུལ་གྱི་ཤམ་བུ་ཅན།། འདོད་ཁམས་བདག་མོ་བསྟན་སྲུང་ཡོངས་ཀྱི་མགོན།།
གཉིས་པ་དཔེ་རྒྱན། མཚོན་བྱེད་དཔེ་དང་མཚོན་བྱའི་དོན།། མཚུངས་པར་སྟོན་པ་དཔེ་རྒྱན་ཡིན།། དབྱེ་ན་སོ་གཉིས་ཐམ་པ་འོ།།
༡༽ ཆོས་དཔེ། དཔེ་དང་དཔེ་ཅན་གཉིས་ཀྱི་ཆོས་གཉིས་ཕན་ཚུན་མཚུངས་པ་དངོས་སུ་སྟོན་པའི་རྒྱན། དཔེར་ན། གཙུག་ལག་ཁང་རྣམས་འཆི་མེད་མཁར་བཞིན་མཛེས།། དྲི་ཞིམ་བདུག་སྤོས་ནམ་མཁའི་སྤྲིན་ལྟར་འཐིབ།། མ་ཎིའི་དབྱངས་རྟ་ཁུ་བྱུག་གསུང་བཞིན་སྙན།། ལྷ་ས་འདི་ནི་ལྷ་ཡུལ་ལྟ་བུར་སྐྱིད།།
༢༽ དངོས་དཔེ། དཔེ་དང་དཔེ་ཅན་གཉིས་ཀྱི་ཁྱད་གཞི་མཚུངས་པ་དངོས་སུ་སྟོན་པའི་རྒྱན། དཔེར་ན། ཞལ་རས་མཛེས་པའི་དཀྱིལ་འཁོར་ནི།། སྟོན་ཀའི་ཟླ་བ་དང་འདྲ་ཞིང་།། དམར་སྣུམ་འཛུམ་པའི་མཆུ་སྒྲོས་ཀྱང་།། ཨུ་དུམ་ཝ་རའི་འདབ་མ་བཞིན།།
༣༽ ཟློག་པའི་དཔེ། དཔེ་དང་དཔེ་ཅན་གཉིས་འཇིག་རྟེན་གྱི་གྲགས་ཚོད་ལས་གོ་ཟློག་ནས་སྟོན་པའི་རྒྱན། དཔེར་ན། ཡིད་འོང་མཛེས་པའི་ཞལ་ཁྱིམ་བཞིན།། ཉ་རྒྱས་ཟླ་བའི་དཀྱིལ་འཁོར་མཛེས།། ཀྱུས་རིང་བཀྲ་བའི་འདྲེན་བྱེད་ལྟར།། རི་དྭགས་མིག་འདི་ཡིད་ག་འོང་།།
༤༽ ཕན་ཚུན་གྱི་དཔེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་འཇལ་རེས་བྱེད་ནས་སྟོན་པའི་རྒྱན། དཔེར་ན། ཉ་རྒྱས་ཟླ་བའི་དཀྱིལ་འཁོར་འཛུམ་པ་ལྟར།། ལང་ཚོ་དཔྱིད་གྱུར་སྒེག་མོའི་བཞིན་རས་མཛེས།། བརྒྱད་གཉིས་ན་ཚོད་སྨིན་པའི་ལུས་ཁྲ་ལྟར།། སྟོན་ཀའི་ཟླ་བ་འདི་ནི་ཡིད་དུ་འོང་།།
༥༽ ངེས་པའི་དཔེ། དཔེ་ཅན་མཚོན་བྱེད་ཀྱི་དཔེ་དེ་གཅིག་པུ་ཉིད་དུ་ངེས་པ་ལྟར་སྟོན་པའི་རྒྱན། དཔེར་ན། འཇམ་མགོན་བླ་མ་ཙོང་ཁ་པའི།། མཁྱེན་རབ་བློ་གྲོས་འཇམ་དབྱངས་དང་།། མཚུངས་ཀྱི་དཔེ་གཞན་སྲིད་པ་འདིར།། ཇི་ཙམ་བཙལ་ཡང་རྙེད་ནུས་མིན།།
༦༽ ངེས་མེད་ཀྱི་དཔེ། དཔེ་ཅན་མཚོན་བྱེད་ཀྱི་དཔེ་དེ་གཅིག་པོར་མ་ངེས་པ་ཁྱད་ཆོས་དེ་ལྡན་གྱི་དངོས་པོ་གཞན་ཞིག་ཡོད་ནའང་དེའི་དཔེར་བྱེད་ཆོག་པ་སྟོན་པའི་རྒྱན། དཔེར་ན། བཀོད་ལེགས་ལྟ་ན་སྡུག་པའི་ལྷ་སའི་གྲོང་།། འཆི་མེད་སྐབས་གསུམ་ཡུལ་གྱི་མཛེས་ལྗོངས་དང་།། མཚུངས་མོད་ད་དུང་དེ་འདྲའི་མཛེས་པའི་ཞིང་།། གལ་ཏེ་ཡོད་ན་དེ་ཡི་དཔེ་ཟླར་རིགས།།
༧༽བསྡུས་པའི་དཔེ། དཔེ་དང་དཔེ་ཅན་གཉིས་ཀྱི་འདྲ་ཆོས་གཅིག་ཙམ་མ་ཟད་འདྲ་ཆོས་གཞན་ཞིག་ཀྱང་བསྡུས་ནས་སྟོན་པའི་རྒྱན། དཔེར་ན། འཕགས་ཡུལ་གར་མཁན་ཁྱུ་མཆོག་ཀིར་ཤྀ་མ།། ལྷ་ཡི་བུ་མོ་ཐིག་ལེ་མཆོག་མ་དང་།། མཛེས་པའི་རྣམ་འགྱུར་ཙམ་གྱི་མཚུངས་མིན་ཏེ།། འདོད་པའི་སྒྱུ་རྩལ་མཁས་པ་འདིས་ཀྱང་ངོ་།།
༨༽ ཕུལ་བྱུང་གི་དཔེ། དཔེ་དང་དཔེ་ཅན་གཉིས་ཁྱད་པར་འབྱེད་ཆོས་མང་དུ་ཡོད་ཀྱང་དེ་གཉིས་འབྱེད་ཆོས་གཅིག་ཙམ་མ་གཏོགས་མེད་པ་ལྟར་འཇིག་རྟེན་གྲགས་ཚོད་ལས་འུད་བཤད་པའི་རྒྱན། དཔེར་ན། དབུས་འགྱུར་ལྷ་ས་གྲོང་ཁྱེར་མི་ཡུལ་དུ།། མཐོང་ཞིང་ཡིད་དགའ་ཆོས་འཛིན་ལྷ་ཡུལ་ཏེ།། དེ་ཉིད་ལས་གཞན་འབྱེད་ཆོས་ཞིབ་མོའི་བློས།། ཇི་ཙམ་བརྟགས་ཀྱང་དམིགས་སུ་ཡོད་མ་ཡིན།།
༩༽ རབ་བཏགས་ཀྱི་དཔེ། མཚོན་བྱེད་ཀྱི་དཔེ་ལ་དཔེ་ཅན་དེ་མཚོན་པའི་ང་རྒྱལ་མེད་ཀྱང་ཡོད་པ་ལྟར་སྒྲོ་བཏགས་ནས་དེ་མི་རིགས་པའི་རྒྱུ་མཚན་དུ་དཔེ་གཞན་ཞིག་བཀོད་པའི་རྒྱན། དཔེར་ན།
སྣ་ལྔའི་ཚོན་བཀྲ་རླུང་གི་རྒྱལ་མཚན་གྱིས།། གར་མཁན་མཛེས་མའི་སྲབ་འཇམ་དར་གོས་ལ།། འགྲན་པར་ནུས་སྙམ་སྙེམས་པར་མི་འཚལ་ཏེ།། རྨ་བྱའི་སྒྲོ་ཡང་དེ་ཡི་དགྲ་ཟླར་རིགས།།
༡༠༽ རྨད་བྱུང་གི་དཔེ། དཔེ་ལ་བཏགས་པ་མཐའ་གཟུང་གིས་ཡོན་ཏན་དེ་ལྟར་ལྡན་ན་དཔེ་ཅན་ལ་འགྲན་ནུས་པར་སྟོན་པའི་རྒྱན། དཔེར་ན། འཛམ་གླིང་ནུབ་ཕྱོགས་རྒྱལ་ས་ཝ་ཤིན་ཊོན།། ངོ་མཚར་ཇོ་ཁང་རྣམ་གཉིས་ལྡན་གྱུར་ན།། བྱང་རྒྱུད་གངས་ལྷ་སྒེག་མོའི་མངལ་རུམ་གྱི།། གྲོང་ཁྱེར་ལྷ་སའི་དཔལ་དང་ཅི་མི་མཚུངས།།
༡༢༽ ཐེ་ཚོམ་གྱི་དཔེ། དཔེ་དང་དཔེ་ཅན་གཉིས་འདྲ་ཆེས་དྲགས་ནས་གང་ཡིན་ཐག་མ་ཆོད་པར་ཐེ་ཚོམ་ཟ་བ་སྟོན་པའི་རྒྱན། དཔེར་ན། རབ་སྙན་རྣ་བའི་དཔྱིད་དུ་འཇོ་བ་འདི།། ཁུ་བྱུག་མྱོས་པའི་མགྲིན་རྔ་རྡུང་བ་འམ།། ཡང་ན་སྙིང་གི་སྡུག་གུ་མ་དེ་ཡིས།། སྙན་པའི་མགྲིན་དབྱངས་ལེན་ནམ་འཕྱང་མོ་ཉུག།
༡༣༽ གཏན་འབེབས་ཀྱི་དཔེ། ཤིན་ཏུ་འདྲ་བའི་དཔེ་དང་དཔེ་ཅན་གཉིས་ཀྱི་ནང་ནས་རྒྱུ་མཚན་ཞིག་ལ་བརྟེན་ནས་དཔེ་ཅན་དེ་ཉིད་གཏན་ལ་འབེབས་པའི་རྒྱན། དཔེར་ན། རབ་མཛེས་མིག་གི་དཔྱིད་དུ་སྨིན་པ་འདི།། སྟོན་ཁའི་ཟླ་བ་གཞོན་ནུའི་དཀྱིལ་འཁོར་དང་།། འདྲ་ཡང་དམར་པོའི་མཆུ་སྒྲོས་དང་ལྡན་ཕྱིར།། སྙིང་སྡུག་དགའ་མའི་བཞིན་རས་ཉིད་དུ་ངེས།།
༡༤༽ སྦྱར་བའི་དཔེ། དོན་གྱི་སྦྱར་ཆོས་གཉིས་མི་ཉུང་བའི་སྒོ་ནས་དཔེ་དང་དཔེ་ཅན་མཚུངས་པ་དངོས་སུ་སྟོན་པའི་རྒྱན། དཔེར་ན། ལྟ་ན་འདྲེན་བྱེད་ཡུལ་དུ་རབ་དཀར་ཞིང་།། རེག་ན་ལུས་ལ་འཇམ་པའི་རེག་བྱ་སྟེར།། རྣམ་གསུམ་རི་མོ་བཀྲ་བའི་ཁྱེད་ཀྱི་མགུལ།། བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་དཀར་བཞིན།།
༡༥༽ མཉམ་ཉིད་ཀྱི་དཔེ། སྒྲ་གཅིག་ཚིག་གིས་བཅད་མཚམས་མི་འདྲ་བའི་དབང་གིས་དོན་མི་འདྲ་བ་གཉིས་ལ་འཇུག་པའམ། མིང་གཅིག་དོན་མི་འདྲ་བ་གཉིས་ལ་སྒྲ་དོན་ཅི་རིགས་ཀྱི་སྒོ་ནས་མཚུངས་ཆོས་གཅིག་ཁོ་ནར་སྦྱར་བའི་དཔེ་ཞིག་ལ་ཟེར། དཔེར་ན། མེ་ལོང་མའི་རྩ་བ་དང་མཐུན་པ། རབ་འབྱམས་སྨྲ་བ་བསྟན་འཛིན་སྙན་གྲགས་དཔལ།། རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་བཞིན།། གང་ཞིག་ཆོས་མ་ཡིན་པའི་གནས་ལུགས་ཚུལ།། ལེགས་པར་བརྟགས་ནས་ནང་དུ་འཛུགས་པས་སོ།།
དགྱེས་གླུ་དང་མཐུན་པ། ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ལ།། མཚུངས་མེད་མཁས་པའི་ཁྱུ་མཆོག་དགེ་བའི་བཤེས།། རྒྱ་མཚོ་གླིང་དུ་བགྲོད་པའི་དེད་དཔོན་བཞིན།། ཀུན་གྱི་རེ་བ་ཡིད་བཞིན་སྐོང་བར་བྱེད།།
༡༦༽ སྨད་པའི་དཔེ། དཔེ་ལ་སྨད་ར་གཏོང་ནས་དེའི་ལེགས་ཆ་དང་དཔེ་ཅན་གཉིས་མཚུངས་པ་སྟོན་པའི་རྒྱན། དཔེར་ན། རྣམ་སད་འཇུག་ངོགས་གསལ་རིག་བློ་དང་བྲལ།། ན་ཀྲའི་གྲོང་ཁྱེར་བ་ཚྭའི་སྙོགས་མས་ཁེངས།། དེ་དག་ཉིད་དང་བཤེས་གཉེན་དམ་པའི་ཐུགས།། མཚུངས་པར་མ་ཟད་ཁྱད་པར་མང་དུ་མཆིས།།
༡༧༽ བསྔགས་པའི་དཔེ། དཔེ་ལ་བསྟོད་བསྔགས་བརྗོད་ནས་དེ་དང་དཔེ་ཅན་མཚུངས་པ་སྟོན་པའི་རྒྱན། དཔེར་ན། ཐིག་ལེ་མཆོག་མས་མེས་པོ་དགའ་བ་བསྐྱེད།། ཧེ་མ་མ་ལེས་ཀུན་གྱི་ཡིད་དབང་འཕྲོག། དེ་དགེ་ཉིད་དང་སྨིན་ལེགས་དགའ་མ་ཁྱེད།། རྣམ་པར་ཀུན་ཏུ་མཚུངས་སོ་སྡུག་གུ་མ།།
༡༨༽ བརྗོད་འདོད་ཀྱི་དཔེ། མཚུངས་ཆོས་ཡོད་པའི་དཔེ་དང་དཔེ་ཅན་གཉིས་ལ་རྩོམ་པ་པོའི་བརྗོད་འདོད་ཀྱི་སྒོ་ནས་མཚུངས་པ་སྟོན་པའི་རྒྱན། དཔེར་ན། མི་བཟོད་སྲེད་པས་བདག་ཡིད་མྱོས་པའམ།། ཡང་ན་དོན་ལྡན་ངག་གི་བརྗོད་པ་སྟེ།། ཁྱོད་ཞལ་ཟླ་བ་གཞོན་ནུའི་དཀྱིལ་འཁོར་དང་།། མཚུངས་པར་བརྗོད་འདོད་བདག་གི་ཡིད་ལ་གནས།།
༡༩༽ འགལ་བའི་དཔེ། དཔེ་དང་དཔེ་ཅན་གཉིས་རྣམ་པ་ཙམ་འགལ་ཞིང་དོན་ལ་མཚུངས་པ་སྟོན་པའི་རྒྱན། དཔེར་ན། ཁྱབ་འཇུག་སྙིང་གི་ཐིག་ལེ་དཔལ་མོ་དང་།། མེས་པོའི་སེམས་འཕྲོག་ཐིག་ལེ་དཔྱིད་གྱུར་མ།། དེང་གི་གར་མཁན་ཤྲྀ་དེ་བའི་གསུམ།། རྣམ་པ་འགལ་ཡང་དོན་དུ་ཅི་མི་མཚུངས།།
༢༠༽ དགག་པའི་དཔེ། དཔེ་ལ་སྐྱོན་འདོགས་བྱས་ཏེ་དེས་དཔེ་ཅན་ལ་འགྲན་ནུས་པ་དགག་བྱར་བྱེད་པའི་རྒྱན། དཔེར་ན། གདུག་ཅན་ལག་འགྲོས་འཁྱུད་ཅིང་རེག་པ་རྩུབ།། འདུ་ཤེས་དབེན་པའི་མ་ལ་ཡར་སྐྱེས་ཀྱིས།། མཁས་དགུའི་གཙུག་རྒྱན་བཤེས་གཉེན་དམ་པའི་སྐུར།། འགྲན་པའི་སྤོབས་པ་རྡུལ་ཕྲན་ཙམ་ཡང་མེད།།
༢༡༽ ངོ་བསྟོད་ཀྱི་དཔེ། མཆོག་དམན་ཡོད་པའི་དཔེ་ཅན་ལ་ངོ་བསྟོད་ཀྱིས་སྒོ་ནས་ཕན་ཚུན་མཚུངས་པ་སྟོན་པའི་རྒྱན། དཔེར་ན། དབྱངས་ཅན་ཕྱག་ན་བེཌཱུའི་རྒྱུད་མངས་འཛིན།། མཁས་ཁྱེད་ཕྱག་ན་ལྕགས་སྙུག་གོག་ཏོ་ཙམ།། དེ་ལྟ་ནའང་དབྱངས་རྟ་དགུ་སྒྲིལ་གྱི།། སྙན་ཚིག་སྨྲ་བར་ཁྱད་པར་ཅང་སྲིད་དམ།།
༢༢༽ དེ་ཉིད་བརྗོད་པའི་དཔེ། དཔེ་དང་དཔེ་ཅན་གཉིས་ཀྱི་ནང་ནས་དཔེ་ཅན་དེ་ཁོ་ན་ངོས་གཟུང་བའི་རྒྱན། དཔེར་ན། ལྟ་ན་སྡུག་པ་འདི་ཉིད་ཟླ་བ་དང་།། འདྲ་ཡང་མ་ཡིན་ཁྱེད་ཀྱ་ཞལ་རས་ཏེ།། མ་འདྲེས་རྣམ་པ་བཀྲ་བ་འདི་ཀོ་ཡང་།། འཇའ་ཚོན་མ་ཡིན་ཁྱེད་ཀྱི་འདྲེན་བྱེད་ཉིད།།
༢༣༽ ཐུན་མིན་གྱི་དཔེ། དཔེར་བཀོད་པ་དེས་དཔེ་ཅན་མཚོན་མི་ནུས་པས་དཔེ་ཅན་རང་ཉིང་རང་གི་དཔེར་བྱེད་པ་སྟོན་པའི་རྒྱན། དཔེར་ན། དཔལ་མོ་ལེགས་བརྗོད་མ་རི་སྐྱེས་སོགས།། ཡིད་འོང་འཆི་མེད་བུ་མོ་སྟོང་དག་གིས།། ཆ་ཤས་ཙམ་ཡང་འགྲན་པར་མི་ནུས་པས།། རང་ཉིད་རང་གི་དཔེར་བྱས་ཏཱ་རེ་མ།།
༢༤༽ འབྱུང་མིན་གྱི་དཔེ། སྔར་མ་བྱུང་ཞིང་ཕྱིར་ཡང་མི་འབྱུང་བའི་དཔེ་ཁྱད་པར་བ་ཞིག་བཀོད་ནས་དེ་དང་དཔེ་ཅན་གཉིས་མཚུངས་པ་སྟོན་པའི་རྒྱན། དཔེར་ན། མཚོ་བཞི་གླིང་ལྔའི་འཇིག་རྟེན་ཟླུམ་པའི་ཁྱོན།། རྔམས་བརྗིད་དཔངས་མཐོའི་ཉམས་ཀྱི་གཟི་བྱིན་ཀུན།། གཅིག་ཏུ་བསྡུས་འདྲའི་ཏི་སི་གངས་ཀྱི་རི།། འཛམ་གླིང་མཐོ་སྒང་རལ་པའི་གཙུག་ན་མཛེས།།
༢༥༽ སྲིད་མིན་གྱི་དཔེ། ཁྱད་གཞི་དེ་ལས་ཁྱད་ཆོས་དེ་འདྲ་འབྱུང་མི་སྲིད་པ་ཞིག་དཔེར་བཀོད་ནས་དེ་དང་དཔེ་ཅན་མཚུངས་པ་སྟོན་པའི་རྒྱན། དཔེར་ན། ཀཻ་ལ་ཤ་རི་ལས་བྱུང་ཚ་རེག་དང་།། རྒྱ་མཚོའི་ཀློང་ནས་བྱུང་བའི་མེ་ལྕེ་བཞིན།། གང་ཁྱེད་ཞལ་གྱི་བུམ་པ་བཟང་པོ་ལས།། མི་བདེན་རྫུན་གྱི་ཕུང་པོ་འབྱུང་སྲིད་དམ།།
༢༦༽ མང་བའི་དཔེ། མཚུངས་ཆོས་ཡོད་པའི་དཔེ་མང་པོ་ཞིག་བཀོད་ནས་དེ་དང་དཔེ་ཅན་མཚུངས་པ་སྟོན་པའི་རྒྱན། དཔེར་ན། ཧ་རི་ཙན་དན་དྲི་ལྡན་མེ་ཏོག་དང་།། ལི་ཤི་གུར་ཀུམ་ལྷ་ཤིང་ཤུག་པ་ལྟར།། ཐུབ་པའི་རྒྱལ་ཚབ་འདུལ་བ་འཛིན་པ་དེའི།། རྣམ་དག་ཚུལ་ཁྲིམས་གཙང་མའི་དྲི་བསུང་ཞིམ།།
༢༧༽ རྣམ་འགྱུར་གྱི་དཔེ། དཔེ་གང་ཞིག་བཀོད་པ་དེ་ལ་དཔེ་དེ་ཉིད་བླངས་པའམ་བཏོན་པ་ལྟར་སྟོན་པའི་རྒྱན། དཔེར་ན། ཁྱེད་སྐུ་ལྟ་ན་སྡུག་པའི་ལང་ཚོ་འདི།། འདབ་ལྡན་པདྨའི་ཚལ་ནས་བླངས་པ་བཞིན།། སྙན་པའི་གསུང་འདིའང་ཁུ་བྱུག་མགྲིན་པ་ནས།། བཏོན་པ་ཇི་བཞིན་རྣ་བའི་དཔྱིད་དུ་འཇེབས།།
༢༨༽ ཕྲེང་བའི་དཔེ། དཔེ་དང་དཔེ་ཅན་སྔ་ཕྱིར་འགྱུར་འགྲོས་ཕྲེང་བ་ལྟར་བསྒྲིགས་པའི་དཔེ་རྒྱན། དཔེར་ན། མཚོ་བཞིའི་རླངས་པ་འཕྱུར་བའི་ཆུ་འཛིན་དང་།། སྤྲིན་གྱི་མེ་ཏོག་འཐོར་བས་སྟོན་གྱི་འབྲས།། དེས་ཀྱང་ཞིང་པ་རྒན་པོའི་སེམས་ལ་བཞིན།། ལེགས་བཤད་གཏམ་གྱིས་བློ་གསལ་དགའ་བ་འཕེལ།།
༢༩༽ ངག་དོན་གྱི་དཔེ། བྱེད་ཆོས་དྲུག་པོ་གང་རུང་ཚང་བའི་སྒོ་ནས་དཔེ་དང་དཔེ་ཅན་གྱི་ཁྱད་གཞི་ཁྱད་ཆོས་ཕན་ཚུན་གོ་རིམ་བཞིན་སྦྱར་རྒྱུ་ཡོད་པའི་རྒྱན། དེར་བཞིན་སྒྲ་གཅིག་པ་དང་དུ་མ་ཅན་གཉིས་སོ། བཞིན་སྒྲ་གཅིག་པ་ཅན་དཔེར་ན། དབྱངས་ཅན་ཕྱག་སོར་རྩེ་ན་བེཌཱུ་རའི།། རྒྱུད་མངས་ལྷུག་པར་འཁྲོལ་བའི་སྒྲ་དབྱངས་འདི།། ཙན་དན་ལྗོན་པའི་ཡལ་འདབ་གཡོ་བའི་རྩེར།། ཁུ་བྱུག་མགྲིན་པའི་རྒྱང་གླུ་ཇི་བཞིན་སྙན།། བཞིན་སྒྲ་དུ་མ་ཅན། མངོན་དགའ་སྐྱེད་ཚལ་ཇི་བཞིན་ཁྱེད་ཀྱི་སྐུར།། ལྟ་ན་སྡུག་པའི་ཞལ་ཁྱིམ་པད་མོ་བཞིན།། མ་འདྲེས་རྣམ་པར་བཀྲ་བའི་འདྲེན་བྱེད་ཀྱང་།། འཕུར་ལྡིང་རྩེན་པའི་བུང་བ་ཇི་བཞིན་གཡོ།།
༣༠༽ ཟླ་བོ་དངོས་དཔེ། དཔེ་ཅན་སྔོན་དུ་བཀོད་པ་དེས་དེ་ཉིད་མཚོན་པའི་དཔེ་རྗེས་སུ་ཚིག་ཟླའི་ཚུལ་དུ་མཚུངས་པ་ཤུགས་ལ་བསྟན་ནས་བཀོད་པའི་རྒྱན། དཔེར་ན། གླིང་འདིར་སྟོབས་འབྱོར་དབང་ཕྱུག་ལྡན་པའི་བུ།། མང་ཡང་༸གོང་ས་ཆེན་པོའི་དོ་ཟླ་མེད།། སྔོ་བསངས་མཁའ་དབྱིངས་རྒྱུ་སྐར་མང་ན་ཡང་།། ཆུ་ཤེལ་དབང་པོའི་དཀྱིལ་འཁོར་གཅིག་ཏུ་ངེས།།
༣༡༽ མཚུངས་སྦྱོར་གྱི་དཔེ། མཆོག་དམན་ཆེ་བའི་དཔེ་དོན་གཉིས་བྱེད་ལས་ཙམ་མཚུངས་པ་སྦྱོར་བའི་དཔེ་རྒྱན། དཔེར་ན། ཐིག་ལེ་མཆོག་མས་མེས་པོའི་སེམས་ཁམས་འགུག། ཨ་ཅེ་འབྲུག་མོས་རྗེ་གླིང་བདག་པོར་བསྟེན།། ཐིག་ལེ་དཔྱིད་གྱུར་མ་དེ་ལྷ་ཡུལ་དང་།། སེང་ལྕམ་འབྲུག་མོའི་སྙན་གྲགས་མི་ཡུལ་སྙན།།
༣༢༽ རྒྱུའི་དཔེ། རྒྱུ་མཚན་ནམ་གཏན་ཚིགས་ཤིག་ལ་བརྟེན་ནས་དཔེ་དང་དཔེ་ཅན་མཚུངས་པ་སྟོན་པའི་རྒྱན། དཔེར་ན། ཁྱེད་སྐུ་མཛེས་པས་གསེར་གྱི་ལྷུན་པོ་བཞིན།། ཁྱེད་གསུང་སྙན་པའི་ཀ་ལ་པིང་ཀའི་ཟླ།། ཁྱེད་ཐུགས་ཟབ་པས་ཟླ་བའི་མ་མ་སྟེ།། ཀུན་ཡིད་སྐོང་ཕྱིར་ཡིད་བཞིན་ནོར་དང་འདྲ།།
དཔེའི་སྐྱོན་ཡོན་བཤད་པ་ལ་རྟགས་དང་ཚིག་ཐ་དད་ཀྱང་སྐྱོན་མེད་པ་དང་དཔེ་དོན་མཆོག་དམན་ཆེ་ཡང་སྐྱོན་མེད་པ་བཤད་པ།
༡༽ རྟགས་དང་ཚིག་ཐ་དད་ཀྱང་སྐྱོན་མེད་པ། དཔེར་ན། མཛའ་ལྡན་དགའ་མའི་སྙིང་སྟོབས་དཔའ་བོ་བཞིན།། ས་སྐྱོང་འབངས་ལ་མ་མ་ཇི་བཞིན་བྱམས།། གསང་གསུམ་གསེར་གྱི་རི་བོ་ལྟར་བརྟན་ཅིང་།། མཛད་རྗེས་ནམ་མཁའི་སྐར་མའི་ཚོགས་ལྟར་བཀྲ།།
༢༽ མཆོག་དམན་ཆེ་ཡང་སྐྱོན་མེད་པ། དཔེར་ན། མཁའ་ལྡིང་དབང་པོ་མཁའ་ལ་ལྡིང་པ་བཞིན།། སྦྲང་ཆུང་བུང་བ་སྦྲང་གཤོག་ཟུང་གིས་ལྡིང་།། ཉམ་ཆུང་མ་ཡིས་ཉམ་ཆུང་བུ་ལ་བཞིན།། འགྲོ་མགོན་དམ་པས་འགྲོ་བ་ཡོངས་ལ་བརྩེ།།
དཔེའི་སྐྱོན་བཤད་པ། དཔེར་ན། འདོད་འཇོ་བ་འདི་རྟ་མཆོག་བཞིན་དུ་མགྱོགས།། ནམ་མཁའི་སྐར་ཚོགས་ཇི་བཞིན་ཁྱེད་སྐུ་བརྟན།། ཁྱི་ལུད་ཇི་བཞིན་ཙན་དན་དྲི་བསུང་མངར།། རིན་ཆེན་གསེར་བཞིན་བུང་བ་རིན་ཐང་ཆེ།།
གསུམ་པ་གཟུགས་རྒྱན་བཤད་པ། དཔེ་ཅན་དཔེའི་གཟུགས་སུ་ནི།། བཀོད་པའི་རྒྱན་དེ་གཟུགས་རྒྱན་ཡིན།། དབྱེ་ན་ཉི་ཤུ་ཐམ་པ་འོ།།
༡༽ བསྡུས་པའི་གཟུགས་རྒྱན། དཔེ་དང་དཔེ་ཅན་གཉིས་བར་དུ་རྣམ་དབྱེ་དྲུག་སྒྲ་བསྡུས་པའི་གཟུགས་རྒྱན་ལ་ཟེར། དཔེར་ན། རྨད་བྱུང་ཐུགས་བསྐྱེད་མ་དྲོས་རོལ་མཚོ་ཡངས།། ཚོགས་གཉིས་རིན་ཆེན་རྡུལ་མང་དགུང་ལ་བརྩེགས།། མཁྱེན་བརྩེ་ཉི་ཟླ་མཛད་བཟང་འོད་སྣང་གསལ།། དམ་ཆོས་བདུད་རྩི་རྒྱུན་མར་འབེབས་དེར་འདུད།།
༢༽ མ་བསྡུས་པའི་གཟུགས་རྒྱན། དཔེ་དཔེ་ཅན་གཉིས་ཀྱི་བར་དུ་རྣམ་དབྱེ་དྲུག་སྒྲ་མ་བསྡུས་པའི་གཟུགས་རྒྱན། དཔེར་ན། ཁྱེད་ཞལ་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ལ།། འདྲེན་བྱེད་རི་དྭགས་མཚན་མ་ཟུར་གྱིས་གཡོ།། ལྷོད་མེད་དུང་བའི་འོད་སྣང་བསིལ་པོ་དེ།། ཁོ་བོའི་ཡིད་ཀྱི་ཀུན་ཏའི་དགའ་བ་འཇོ།།
༣༽ བསྡུས་ཤིང་མ་བསྡུས་པ། དཔེ་དཔེ་ཅན་གཉིས་ཀྱི་བར་དུ་རྣམ་དབྱེ་དྲུག་སྒྲ་འགའ་ཞིག་བསྡུས་ལ་འགའ་ཞིག་མ་བསྡུས་པའི་གཟུགས་རྒྱན། དཔེར་ན། མཚན་དཔེ་སྐུ་ཡི་པད་དཀར་སྡོང་པོ་བུ་ལྡེམ།། སྙན་འཇེབས་གསུང་གི་བུང་བའི་གླུ་དབྱངས་སྙན།། ཟབ་ཡངས་ཐུགས་རྗེ་སྦྲང་རྩིའི་དྲི་བསུང་མངར།། འདྲེན་པ་མཆོག་གི་ལེགས་བྲིས་དགའ་ཚལ་སྐྱིད།།
༤༽མཐའ་དག་གཟུགས་རྒྱན། དཔེ་ཅན་གྱི་ཁྱད་གཞི་ཁྱད་ཆོས་མཐའ་དག་དཔེའི་གཟུགས་སུ་བཀོད་པའི་རྒྱན། དཔེར་ན། ཁྱེད་སྐུ་ཉི་མ་འབར་བའི་འོད་ཞགས་རྣོ།། ཁྱེད་གསུང་ཀ་ལ་པིང་ཀའི་འགྱུར་ཁུག་སྙན།། ཁྱེད་ཐུགས་མ་དྲོས་རོལ་བའི་གཏིང་མཐའ་ཟབ།། བཤེས་གཉེན་གསེར་གྱི་རི་བོ་ཁྱེད་འདྲ་དཀོན།།
༥༽ ཆ་ཤས་གཟུགས་རྒྱན། དཔེ་ཅན་དེའི་ཆ་ཤས་རྣམས་དཔེའི་གཟུགས་སུ་བཀོད་ཅིང་ཆ་ཤས་ཅན་གཟུགས་སུ་མ་བཀོད་པའི་རྒྱན། དཔེར་ན། ལང་ཚོ་འཕེལ་ཁ་དར་བའི་མཛའ་ན་མོ།། གང་སྐུ་ཕྲ་ལྡེམ་ཧ་རི་ལྗོན་པ་ལ།། སྙན་འཇེབས་གསུང་གི་འཇོལ་མོའི་མགྲིན་དབྱངས་སྙན།། དུང་བའི་སེམས་ཀྱི་དྲ་བསུང་ཅི་ཡང་འགྱེད།།
༦༽ ཆ་ཤས་ཅན་གྱི་གཟུགས་རྒྱན། དཔེ་ཅན་གྱི་ཁྱད་གཞི་དེ་གཟུགས་སུ་བཀོད་ཅིང་ཁྱད་ཆོས་རྣམས་གཟུགས་སུ་མ་བཀོད་པའི་རྒྱན། དཔེར་ན། ཁྱེད་ཞལ་ཟླ་བ་གཞོན་ནུའི་དཀྱིལ་འཁོར་ལ།། གནག་སྣུམ་སྨིན་འཁྱོག་དཀྱུས་རིང་འདྲེན་བྱེད་གསལ།། ཡིད་འོང་ཞལ་ཁྱིམ་འཛུམ་པའི་མཆུ་སྒྲོས་ལས།། བཀོད་ལེགས་རབ་དཀར་ཚེམས་ཀྱི་ཕྲེང་བ་མཛེས།།
༧༽ ཡན་ལག་གཟུགས་རྒྱན། དཔེ་ཅན་གྱི་ཡན་ལག་རྣམས་དཔེའི་གཟུགས་སུ་བཀོད་ཅིང་། ཡན་ལག་ཅན་གཟུགས་སུ་མ་བཀོད་པའི་རྒྱན། དབྱེ་ན་ཡན་ལག་གཅིག་ནས་གསུམ་བར་གཟུགས་སུ་བཀོད་པ་གསུམ་མོ། ཡན་ལག་གཅིག་གཟུགས་ཅན། དཔེར་ན།མཁས་པའི་རྣམ་དཔྱོད་རྟ་ལྗང་འོད་རྣོན་འབར།། བཙུན་པའི་སྤྱོད་པ་གཞན་གནོད་གཞི་ལས་ལྡོག། བཟང་པོའི་འཕྲིན་ལས་ཡངས་པའི་རྣམ་ཐར་གཙང་།། འདྲེན་མཆོག་བཤེས་གཉེན་དམ་པའི་ཞབས་ལ་འདུད།། ཡན་ལག་གཉིས་གཟུགས་ཅན། དཔེར་ན། མི་སྡུག་བཞིན་རས་གཉེར་མའི་ས་ཁྲ་འཛིན།། མགོ་སྐྱེས་ཙམ་པ་ཀ་ཡི་འཕོན་པོ་སྨིན།། དབང་པོ་མི་གསལ་ཡན་ལག་འཁྱོག་པའི་ཉམས།། རྒན་པའི་རྟེན་འབྲེལ་འདི་ཀོ་ཅི་ཡང་སྐྱོ།། ཡན་ལག་གསུམ་གཟུགས་ཅན། དཔེར་ན། འཇམ་མཉེན་གཞོན་ཤ་ཆགས་པའི་ཆུ་སྐྱེས་ལྗོན།། ཡན་ལག་ལྕུག་ཕྲན་གཞོན་ནུའི་འདབ་མ་གཡོ།། ངག་སྙན་བུང་བའི་གླུ་དབྱངས་སྒྲོག་པ་ཅན།། ཉམ་ཆུང་བྱིས་པ་འདི་དག་བྱམས་བརྩེའི་ཡུལ།།
༨༽ ལྡན་པའི་གཟུགས་རྒྱན། དཔེའི་ཁྱད་གཞི་དང་ཁྱད་ཆོས་ཕན་ཚུན་གཅིག་ལ་གཅིག་ལྡན་གྱི་ཚུལ་དུ་ཡོད་པའི་རྒྱན། དཔེར་ན། ཁྱོད་མངོན་པར་དགའ་བའི་སྐྱེད་ཚལ་ན།། བཞིན་མཛེས་འདབ་སྟོང་གྲོལ་བའི་པདྨོ་ལ།། འདྲེན་བྱེད་བུང་བའི་འཕུར་ལྡིང་རྩེན་པ་དེས།། ཀུན་གྱི་ཡིད་དབང་འགུག་པར་བྱེད་མིན་ནམ།།
༩༽ མི་ལྡན་པའི་གཟུགས་རྒྱན། དཔེའི་དངོས་པོ་རྣམས་ཕན་ཚུན་གཅིག་ལ་གཅིག་མི་ལྡན་པའམ་མི་འགྲོགས་པའི་གཟུགས་རྒྱན། དཔེར་ན། མཁྱེན་རབ་ཉི་མ་བརྒྱ་ཡི་འོད་རྣོན་འབར།། རྗེས་བརྩེ་གདུང་སེལ་ག་བུར་ཟེགས་མ་འཇོ།། ལེགས་བཤད་ལྷ་ཡི་རྔ་ཆེན་རྒྱུན་མར་རྡུང་།། མཚུངས་མེད་བཤེས་གཉེན་དཔག་བསམས་ལྗོན་པ་མཆོག།
༡༠༽ མི་མཉམ་པའི་གཟུགས་རྒྱན། དཔེ་ཅན་གྱི་ཡན་ལག་དང་ཡན་ལག་ཅན་རྣམས་དཔེའི་གཟུགས་གཅིག་གམ་འཕར་མར་བཀོད་ཅིང་། འགའ་ཞིག་གང་གིའང་གཟུགས་སུ་མ་བཀོད་པའི་རྒྱན། དཔེར་ན། ཟབ་རྒྱས་ལེགས་བཤད་གདམས་པའི་གསུང་དབྱངས་སྙན།། འཕྲིན་ལས་ཉི་ཟླའི་འོད་ཀྱི་ཁོར་ལག་ཡངས།། མཚན་དཔེའི་སྐུ་ཡི་གསེར་རི་འཁྲི་ཤིང་ལ།། དད་པའི་ལག་པད་མི་ཟུམ་རང་དབང་ཅི།།
༡༡༽ ཁྱད་པར་དང་བཅས་པའི་གཟུགས་རྒྱན། དཔེ་ཅན་གྱི་ཆ་ཤས་དམན་པ་ཞིག་དཔེ་ཁྱད་པར་བ་ཞིག་གི་གཟུགས་སུ་བཀོད་ནས་དེ་ལས་བྱེད་ལས་ཁྱད་པར་བ་ཞིག་བྱུང་བ་སྟོན་པའི་རྒྱན། དཔེར་ན། གྲུབ་པའི་གོ་འཕངས་མཐོན་པོ་ལ་གཤེགས་པའི།། རྟོགས་ལྡན་དམ་པའི་གྲིབ་ཆུའི་བདུད་རྩི་ནི།། བཏུང་བས་གདོན་བགེགས་འབྱུང་པོའི་ནད་གཞི་སྟེ།། འབྱུང་འདུས་ལུས་ཀྱི་བདེ་བ་བརྟས་པར་གྱུར།།
༡༢༽ འགལ་བའི་གཟུགས་རྒྱན། དཔེ་ཅན་གྱི་དངོས་པོ་གང་ཞིག་གཟུགས་སུ་བཀོད་པའི་དཔེ་དེའི་རང་གི་ཁྱད་ཆོས་དང་བྱེད་ལས་རྣམས་འགལ་བ་ཅན་དུ་སྟོན་པའི་རྒྱན། དཔེར་ན། གསེར་ལྡན་སྒེག་མོའི་ལྟོ་བར་མ་འཁྱིལ་ཞིང་།། དབང་སྔོན་མདངས་ཀྱི་མཛེས་པ་མ་འཆང་བའི།། གསུངས་རབ་རྒྱ་མཚོ་ངང་གི་བཏུང་བ་ལས།། མི་ཤེས་རྨོངས་པའི་བུད་ཤིང་ལྷག་མེད་བསྲེགས།།
༡༣༽ རྒྱུའི་གཟུགས་རྒྱན། རྒྱུ་མཚན་ནམ་གཏན་ཚིགས་གང་ཞིག་ལ་བརྟེན་ནས་དཔེ་ཅན་དེ་ཉིད་དཔེའི་གཟུགས་སུ་བཀོད་པའི་རྒྱན། དཔེར་ན། ཁྱེད་སྐུ་མཛེས་པས་ཟླ་བའི་དཀྱིལ་འཁོར་ཏེ།། ཁྱེད་གསུངས་སྙན་པས་ཀ་ལ་པིང་ཀའི་དབྱངས།། ཁྱེད་ཐུགས་ཟབ་པས་མ་དྲོས་རོལ་པའི་མཚོ།། ཀུན་ཡིད་སྐོང་ཕྱིར་འདོད་འཇོ་ནོར་ཡང་ཡིན།།
༡༤༽ སྦྱར་བའི་གཟུགས་རྒྱན། ཁྱད་གཞི་དཔེ་དཔེ་ཅན་གཉིས་ཀྱི་ཁྱད་ཆོས་རྣམས་སྒྲ་དོན་ཅི་རིགས་ཀྱི་སྒོ་ནས་སྦྱར་བའི་རྒྱན། དཔེར་ན། ས་པཎ་ཞལ་གྱི་ཟླ་བ་གཞོན་ནུའི་འཛུམ།། འཕྲོག་བྱེད་རལ་པའི་གཙུག་ཏུ་ཉེར་བཀོད་ཅིང་།། ལེགས་ལྡན་སྣང་བ་དཀར་པོའི་འཇིག་རྟེན་ཁྱེར།། ཡོངས་སུ་ཤིས་པའི་སྐལ་བཟང་དགའ་སྟོན་བསྐྲུན།།
༡༥༽ དཔེའི་གཟུགས་རྒྱན། ཕལ་པ་གཟུགས་སུ་བཀོད་པའི་དཔེ་གཙོ་བོ་དཔེའི་དངོས་པོ་གཉིས་མཚུངས་པ་སྟོན་པའི་རྒྱན། དཔེར་ན། སྙན་འཇེབས་རྣ་བའི་བདུད་རྩིར་སྨིན་པ་ཡི།། གང་ཁྱེད་གསུང་གི་ཁུ་བྱུག་གཞོན་ནུས་དབྱངས།། ལྷུག་ལྷུག་ནགས་ཀླུང་ཤིས་པ་སྒྲུབ་བྱེད་པའི།། དཔྱིད་ཀྱི་ཕོ་ཉའི་རྒྱང་གླུ་དངོས་འདྲ་དྲན།།
༡༦༽ ལྡོག་པའི་གཟུགས་རྒྱན། དཔེ་དང་དཔེ་ཅན་གང་གི་གཟུགས་སུ་བཀོད་པ་གཉིས་མཚུངས་པར་བརྗོད་ནས་སླར་ཡང་ལྡོག་ཆོས་ཤིག་ལ་བརྟེན་ནས་དེ་གཉིས་སོ་སོར་འབྱེད་པའི་གཟུགས་རྒྱན། དཔེར་ན། ཆང་རྒྱག་རྒན་པོས་རྒུན་ཆང་མངར་མོ་བཏུང་།། བདག་གི་ཁྱོད་ཀྱི་འགྲམ་པའི་ཆང་ལ་རོལ།། འདི་ཀོ་སྐྱུར་གྱི་ཕབ་རྩི་མི་ལྡན་ཡང་།། མྱོས་པའི་ནུས་པ་རྒུན་ཆང་དངོས་ལས་ཐུ།།
༡༧༽ འགོག་པའི་གཟུགས་རྒྱན། དཔེ་ཅན་དེ་ཉིད་དཔེ་གང་གི་གཟུགས་སུ་བཀོད་པ་དེ་དགག་བྱར་བྱས་ནས་དེ་ཉིད་འགོག་པའི་གཟུགས་རྒྱན། དཔེར་ན། འཇམ་མགོན་བླ་མའི་གསུང་གི་བདུད་རྩི་ཡི།། སྐལ་དམན་རྒོལ་བ་ངན་པའི་སྙིང་ཁོངས་ན།། ཕྲག་དོག་ནད་ཀྱི་ཟུང་ངུ་འཕར་བའི་ཕྱིར།། འཆི་མེད་ལྷ་ཡི་བཏུང་བ་ཅི་ཕྱིར་ལགས།།
༡༨༽ མཉམ་འཇོག་གཟུགས་རྒྱན། དཔེ་དང་དཔེ་ཅན་གཉིས་ཀར་སྐྱོན་མཉམ་པའམ་ཡུལ་དང་ཡུལ་ཅན་གཉིས་ཀར་སྐྱོན་མཉམ་པར་སྟོན་པའི་རྒྱན། དཔེར་ན། ཆོས་ཀྱི་གྲགས་པའི་རིགས་འཕྲུལ་སྨན་སྦྱོར་གྱིས།། མུ་སྟེགས་རྒོལ་བའི་སྙིང་ལ་མི་བཟོད་པའི།། ཟུག་ངུ་སྟེར་འདི་སྐལ་དམན་དེ་དག་གིས།། ལོག་པའི་ལམ་ལ་གོམས་པ་དེས་ཀྱང་སྐྱོན།།
༡༩༽ གཟུགས་ཅན་གྱི་གཟུགས་རྒྱན། དཔེ་ཅན་དེ་ཉིད་དཔེའི་གཟུགས་ཉིས་བརྩེགས་སུ་བྱེད་པའི་རྒྱན། དཔེར་ན། ཁྱེད་སྐུ་འཆི་མེད་ལམ་གྱི་ཁང་བཟང་ན།། མཛེས་ཞལ་ཟླ་བ་གཞོན་ནུའི་མེ་ལོང་ངོས།། འདྲེན་བྱེད་རི་དྭགས་མཚན་མའི་གཟུགས་བརྙན་ནི།། རྣམ་པར་གཡོ་འདིས་ཀུན་ཡིད་མི་འཕྲོག་སུ།།
༢༠༽ བསྙོན་དོར་གཟུགས་རྒྱན། དཔེ་ཅན་དངོས་དེ་ལ་བསྙོན་དོར་ནས་ཡིན་པ་ལ་མིན་པ་སོགས་བསྙོན་པའི་རྒྱན། དཔེར་ན། ལྟ་ན་དང་བ་འདྲེན་འདི་ཁྱེད་ཀྱི་སྐུ།། མ་ཡིན་ལྷུན་སྟུག་གསེར་གྱི་རི་བོ་སྟེ།། སྙན་འཇེབས་རྣ་བའི་བཅུད་ལེན་འདི་ཀོ་ཡང་།། ཁྱེད་གསུང་མ་ལགས་ཁུ་བྱུག་མྱོས་པའི་གླུ།།
བཞི་པ་གསལ་བྱེད་ཀྱི་རྒྱན། རིགས་དང་བྱ་བ་ཡོན་ཏན་རྫས།། ཚིག་གཅིག་ལ་ནི་གནས་པ་ཡིས།། གལ་ཏེ་ངག་ཀུན་ལ་ཕན་ན།། དེ་ནི་གསལ་བྱེད་རྒྱན་དུ་འདོད།། དབྱེ་ན་བཅུ་གཉིས་ཐམ་པ་འོ།།
༡༽ རིགས་ཐོག་གསལ། རིགས་བརྗོད་པའི་ཚིག་འབྲུ་ཞིག་ཐོག་མར་བཀོད་པ་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་ལ་ཕན་ཞིང་གསལ་བར་བྱེད་པའི་རྒྱན། དཔེར་ན། མཚོ་བྱུང་མ་དེས་ངང་མོ་ལ་ཞོན་ནས།། བེཌཱུའི་པི་ཝང་འཁྲོལ་བཞིན་གླུ་དབྱངས་ལེན།། མཁས་རྒུའི་མགྲིན་པར་ངག་གི་འདོད་པ་འཇོ།། ཟུར་མིག་ཀྱོ་བ་བས་འཇམ་དཔལ་རྣོན་པོ་བཀུག།
༢༽བྱ་བ་ཐོག་གསལ། གསལ་བྱེད་བྱ་ཚིག་གཅིག་སྔོན་དུ་བཀོད་པ་དེས་གསལ་བྱ་ཚིགས་བཅད་དེའི་བརྗོད་གཞི་ཀུན་ལ་ཕན་ཞིང་གསལ་བར་བྱེད་པའི་རྒྱན། དཔེར་ན། དགའ་བར་བྱེད་དོ་ངང་མོ་པད་མཚོ་ལ།། ར་ཡིག་གཉིས་པ་མེ་ཏོག་བཞད་པའི་ཚལ།། རྨ་བྱ་དག་ནི་དབྱར་གྱི་རྔ་བསངས་སྒྲ།། བོད་པའི་སྐུ་དྲག་ངོ་བསྟོད་གཏམ་ལའོ།།
༣༽ ཡོན་ཏན་ཐོག་གསལ། ཡོན་ཏན་བརྗོད་པའི་ཚིག་འབྲུ་ཞིག་སྔོན་དུ་བཀོད་པ་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་ལ་ཕན་ཞིང་གསལ་བར་བྱེད་པའི་རྒྱན། དཔེར་ན། མཛེས་སོ་སྐྱེད་ཚལ་ཁྲོད་ན་ཨུཏྤལ།། མཚན་མོའི་སྐར་ཚོགས་དབུས་ན་རི་བོང་ཅན།། གསེར་རི་དབུས་ན་རིན་ཆེན་ལྷུན་པོ་སྟེ།། རྣམ་མང་ཚོགས་དབུས་སྙིང་གི་སྡུག་གུ་མ།།
༤༽ རྫས་ཐོག་གསལ། གསལ་བྱེད་རྫས་བརྗོད་པའི་ཚིག་འབྲུ་ཞིག་ཐོག་མར་བཀོད་པ་དེས་གསལ་བྱ་ཚིག་སྦྱོར་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན། དཔེར་ན། ལུས་མེད་ལག་པའི་མེ་ཏོག་ཉག་ཕྲན་གྱིས།། ལྷ་ཆེན་དྲག་པོའི་དཀའ་ཐུབ་རླུང་ལ་བསྐུར།། དགེ་སྦྱོང་ཕལ་པའི་སེམས་ཀྱི་ཁང་བཟང་དཀྲུགས།། ན་གཞོན་ཕལ་ཆེར་འདོད་པས་མྱོས་པར་བྱེད།།
༥༽ རིགས་བར་གསལ། གསལ་བྱེད་རིགས་བརྗོད་པའི་ཚིག་འབྲུ་ཞིག་ཚིགས་བཅད་དེའི་བར་དུ་བཀོད་ནས་དེས་ཚིག་སྦྱོར་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན། དཔེར་ན། མཚན་དཔེ་མེ་ཏོག་སྟག་འཚེར་ཞིང་དུ་བཞད།། ཞབས་སེན་རེ་ཁཱ་དབུས་འགྱུར་ཞིང་དུ་བཀོད།། ལུགས་ཟུང་མཁས་པའི་སྤྱན་ལྡན་༸གོང་ས་མཆོག། འཛམ་གླིང་ཟླུམ་པོའི་ཞི་བདེའི་དེད་དཔོན་བསྔགས།།
༦༽ བྱ་བ་བར་གསལ། གསལ་བྱེད་བྱ་ཚིག་གཅིག་ཚིགས་བཅད་དེའི་བར་དུ་བཀོད་ནས་དེས་ཚིགས་བཅད་དེའི་སྦྱོར་བ་ཀུན་གསལ་བར་བྱེད་པའི་རྒྱན། དཔེར་ན། སྐུ་དྲག་མཐོན་པོས་རང་གི་རྒྱལ་ཁབ་དང་།། ཚོང་པ་རྒྱགས་པ་སྐུ་རྟེན་རྙིང་པའི་རིགས།། བཙོངས་པར་བྱས་སོ་བླ་སྤྲུལ་རྣམ་པས་ཆོས།། ན་གཞོན་དར་མས་རང་གི་ལུས་ཀྱང་ངོ་།།
༧༽ རིགས་མཐའ་གསལ། ཚིག་སྦྱོར་གྱི་མཐར་བཀོད་པའི་རིགས་བརྗོད་ཀྱི་ཚིག་དེས་ཚིགས་བཅད་དེའི་ངག་གི་སྦྱོར་བ་ཀུན་གསལ་བར་བྱེད་པའི་རྒྱན། དཔེར་ན། ལྟེ་མཚལ་དམར་པོ་ཙོང་ཁའི་ཡུལ་དུ་གཅོད།། བསྟན་པའི་རྒྱལ་མཚན་དབུས་གཙང་ཁམས་སུ་འཛུགས།། འཕྲིན་ལས་བཟང་པོ་འཛམ་གླིང་ཡོངས་ལ་ཁྱབ།། འཇམ་དབྱངས་རྣམ་འཕྲུལ་ཀུན་མཁྱེན་ཙོང་ཁ་པ།།
༨༽ བྱ་བ་མཐའ་གསལ། ཚིགས་བཅད་དེའི་མཐར་བཀོད་པའི་བྱ་ཚིག་དེས་ཚིགས་བཅད་དེའི་སྦྱོར་བ་ཀུན་ལ་ཕན་ཞིང་གསལ་བར་བྱེད་པའི་རྒྱན། དཔེར་ན། སྤྲིན་གྱི་སྒྲ་དབྱངས་སྙན་པོས་རྨ་བྱ་དང་།། དྭངས་གཙང་རྫིང་བུས་འཁོར་ལོའི་ལག་ལྡན་ཁྱུ།། ཆར་རྒྱུན་ཟིལ་མས་དབྱར་སྐྱེས་མགྲོན་པོའི་ཡིད།། ལེགས་བཤད་གཏམ་གྱིས་མཁས་རྒུ་དགའ་བར་བྱེད།། 
༩༽ ཕྲེང་བའི་གསལ་བྱེད། གསལ་བྱེད་ཚིག་འབྲུ་གཅིག་གིས་སྔ་ཕྱི་ལྟོས་གྲུབ་ཕྲེང་བ་ལྟར་བསྒྲིགས་པའི་ཚིག་སྦྱོར་གང་ཞིག་གིས་བརྗོད་དོན་གསལ་བར་བྱེད་པའི་རྒྱན། དཔེར་ན། དབྱར་སྐྱེས་སྤྲིན་གྱིས་སྦྲང་ཆར་ཟིལ་མའི་རྒྱུན།། སྤྲིན་གྱི་མེ་ཏོག་འཐོར་བས་ལྗང་གཞོན་དག། དེས་ཀྱང་སྟོན་འབྲས་སྨིན་པའི་སྣ་ལྔའི་འབྲུ།། ལོ་ལེགས་སྟོན་གྱིས་ཞིང་པ་དགའ་བ་འཕེལ།།
༡༠༽ འགལ་བའི་གསལ་བྱེད། གསལ་བྱེད་ཚིག་འབྲུ་གཅིག་གིས་གསལ་བྱ་འགལ་བ་ཅན་གྱི་ཆོས་གཉིས་གསལ་བར་བྱེད་པའི་རྒྱན། དཔེར་ན། ལང་ཚོའི་འཕེལ་ཁ་དར་བའི་ན་གཞོན་མའི།། སྒེག་པའི་ཉམས་ཀྱིས་སྲེད་ལྡན་འདོད་པ་འཕེལ།། སྲིད་གསུམ་དུག་མཚོར་ལྟ་བའི་ཉམས་ལེན་པ།། ཐར་འདོད་སྐྱེ་བོ་དག་གི་ཡིད་ག་ལོག།
༡༡༽ དོན་གཅིག་གསལ་བྱེད། གསལ་བྱེད་ཚིག་འབྲུ་གང་ཞིག་བཀོད་པ་དེས་གསལ་བྱ་ཚིག་སྦྱོར་དེའི་བརྗོད་དོན་གཅིག་ཁོ་ན་གསལ་བར་བྱེད་པའི་རྒྱན། དཔེར་ན། གསོ་རིག་མཁས་པས་བཟང་དྲུག་སྨན་སྐྱལ་དང་།། གཤའ་གྲི་རེས་མོས་ལག་ཏུ་ཐོགས་བྱེད་ཅིང་།། རྩ་ཆུ་དྲི་བ་གསུམ་གྱི་བརྟག་པ་ཀུན།། ཟུངས་ཟད་ནད་པའི་གདུང་བ་སེལ་བའི་ཆེད།།
༡༢༽ སྦྱར་བའི་གསལ་བྱེད། གསལ་བྱེད་ཚིག་འབྲུ་དེས་སྦྱར་ཆོས་སྒྲ་དོན་ཅི་རིགས་ཀྱི་སྒོ་ནས་སྦྱར་དུ་རུང་བའི་སྦྱར་གཞི་གཉིས་གསལ་བར་བྱེད་པའི་རྒྱན། དཔེར་ན། འགྲོ་བའི་མུན་པ་འཇོམས་པའི་འོད་སྣང་ཅན།། འཇིག་རྟེན་མིག་གཅིག་བླ་ན་འཕགས་པ་ཡི།། ཐུབ་པ་ཆེན་པོ་དབུས་འགྱུར་འཕགས་ཡུལ་དང་།། རྟ་ལྗང་བདག་པོ་ནམ་མཁའི་དབྱིངས་ན་རྒྱུ།།
ལྔ་པ་བསྐོར་བའི་རྒྱན། ཚིག་སྦྱོར་གང་ཞིག་ཐོག་མཐར་བར། བརྗོད་དོན་གསལ་བྱེད་ཚིག་དོན།། ཅི་རིགས་བཟླས་པ་བསྐོར་བའི་རྒྱན།། དབྱེ་ན་ཚིག་སྐོར་དོན་སྐོར་དང་།། གཉིས་ཀ་སྐོར་བའི་རྒྱན་དང་གསུམ།།
༡༽ དོན་བསྐོར་བ། རྗོད་ཚིག་མི་འདྲ་ཡང་བརྗོད་གཞིའི་དོན་གཅིག་ཡང་ཡང་བསྐོར་བའམ་བཟླས་པའི་རྒྱན། དཔེར་ན། དྲུག་རྐང་བུང་བ་སྐྱེད་མོའི་ཚལ་ལ་ཆགས།། འཁོར་ལོའི་ལག་ལྡན་པདྨའི་མཚོ་ལ་ཞེན།། འདོད་ལྡན་ཕལ་ཆེར་མཛེས་མའི་ལུས་ལ་སྲེད།། བོད་པའི་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།།
༢༽ ཚིག་བསྐོར་བ། བརྗོད་དོན་མི་འདྲ་བ་འགའ་ཞིག་ལ་རྗོད་ཚིག་གཅིག་ཡང་ཡང་བསྐོར་བའི་རྒྱན། དཔེར་ན། གསེར་རིའི་དབུས་ན་ས་འཛིན་དབང་པོ་མཛེས།། རྒྱུ་སྐར་ཁྲོད་ན་ཉ་རྒྱས་ཟླ་བ་མཛེས།། རྐང་འཐུང་གསེབ་ཏུ་དཔག་བསམ་ལྗོན་པ་མཛེས།། ཚོགས་ཀྱི་ནང་དུ་མཁས་པའི་དབང་པོ་མཛེས།།
༣༽ ཚིག་དོན་གཉིས་ཀ་བསྐོར་བ། ཚིག་སྦྱོར་འདྲ་བ་ཞིག་ཡང་ཡང་བསྐོར་བ་མ་ཟད་བརྗོད་དོན་ཡང་གཅིག་ཁོ་ནར་ཡང་ཡང་བསྐོར་བའི་རྒྱན། དཔེར་ན། གྲངས་མེད་ཚོགས་གཉིས་རྒྱ་མཚོའི་མཐར་སོན་ནས།། རྒྱུད་ལྔའི་འགྲོ་བའི་གཙུག་གི་རྒྱན་དུ་གྱུར།། ཕྲ་རགས་བདུད་བཞིའི་དཔུང་ཚོགས་ཀུན་བཅོམ་སྟེ།། སྟོབས་བཅུ་མི་འཇིགས་བཞི་ལྡན་དཔལ་དུ་གྱུར།།
དྲུག་པ་འགོག་པའི་རྒྱན། དགག་བྱ་གང་ཞིག་བཟུང་བ་དེ།། འགོག་བྱེད་དགག་ཚིག་དངོས་སམ་དོད།། ཅིག་རིགས་ཀྱིས་ནི་འགོག་བྱེད་པ།། དེ་ནི་འགོག་པའི་རྒྱན་དུ་འདོད།། དབྱེ་བ་ཉེར་གསུམ་ཐམ་པ་འོ།།
༡༽ བྱུང་བ་འགོག་པ། སྔོན་བྱུང་གི་ལོ་རྒྱུས་ཤིག་ལ་དྭོགས་འཆར་བྱུང་བ་དེ་ཉིད་དགག་བྱར་བྱས་ནས་དེ་ཉིད་འགོག་པར་བྱེད་པའི་རྒྱན། དཔེར་ན། དཔལ་གྱི་རྡོ་རྗེས་ཉ་ཕྲན་གཅིག་ཙམ་གྱིས།། སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཆེན་མོའི་མཐར།། རྫོགས་ཚིག་བཏབ་པའི་གཏམ་རྫུན་དེ་ལྟ་ནའང་།། དངོས་པོའི་ནུས་པ་བཀྲ་ཕྱིར་བདེན་ཡང་སྲིད།།
༢༽ མངོན་འགྱུར་འགོག་པ། མངོན་འགྱུར་རམ་ད་ལྟ་མཐོང་ཐོས་སུ་ཡོད་པའི་དངོས་པོ་དེར་དགག་བྱ་བྱས་ནས་དེ་ཉིད་འགོག་པར་བྱེད་པའི་རྒྱན། དཔེར་ན། སྒྲ་ལྡན་ཚངས་སྲས་ལྷ་མོ་གང་ཁྱེད་ཀྱིས།། ཕྱག་སོར་བཻཌཱུའི་པི་ཝང་བསྣབས་འདི་ཅི།། བཞི་ལྷག་དྲུག་ཅུའི་དབྱངས་ཀྱིའགྱུར་ཁུག་ཀུན།། སྲབ་འཇམ་རོ་འཛིན་གཡོ་བས་སྒྲོག་མིན་ནམ།།
༣༽ འབྱུང་འགྱུར་འགོག་པ། འབྱུང་འགྱུར་གྱི་དོན་རྐྱེན་ཞིག་ལ་དགག་བྱར་བྱས་ནས་དེ་ཉིད་འགོག་པར་བྱེད་པའི་རྒྱན། དཔེར་ན། གངས་ཅན་གཙུག་ལག་རིག་པའི་རྒྱ་མཚོ་ལ།། འཇུག་པའི་ཟབ་འཁྲིད་སྐབས་སུ་ལེ་ལོ་ཡིས།། བག་མེད་སྡོད་ན་དུས་ཕྱིས་མཁས་པའི་ཁྲོད།། ར་ལྡན་གླང་གི་གོ་སར་འཛེགས་པར་ངེས།།
༤༽ ཆོས་འགོག་པ། ཆོས་ཅན་ཞིག་གི་ཆོས་གང་ཡང་རུང་བ་ཞིག་དགག་བྱར་བཟུང་ནས་དེ་ཉིད་འགོག་པར་བྱེད་པའི་རྒྱན། ཐུབ་པ་ཆེན་པོའི་གསུང་གི་འགྲོ་བ་ཀུན།། བཟོད་དཀའ་གདུང་བ་སེལ་བའི་གཏམ་དེ་རྫུན།། བདེན་ན་མུ་སྟེགས་སྟོན་པ་སྡེ་དྲུག་པོ།། གང་གཱའི་ཆུ་ལ་མཆོངས་འདི་ཅི་ཞིག་ལགས།།
༥༽ ཆོས་ཅན་འགོག་པ། ཆོས་མཐོང་ཐོས་སུ་ཡོད་པ་ཙམ་ལས་ཆོས་ཅན་མཐོང་ཐོས་བྱུང་བ་འགོག་པར་བྱེད་པའི་རྒྱན། དཔེར་ན། ལང་ཚོའི་འཕེལ་ཁ་དར་བའི་ན་ཆུང་དེའི།། བཞིན་རས་མཛེས་པས་རྣམ་པ་འབྱེད་མིན་ཏེ།། སྲབ་འཇམ་དར་གྱི་གདོང་རས་དམར་པོ་ནི།། གཡོ་བ་ཙམ་ལས་མཛེས་ཞལ་མཐོང་ནུས་མིན།།
༦༽ རྒྱུ་འགོག་པ། དོན་རྐྱེན་གང་ཞིག་འབྱུང་བའི་རྒྱུ་ཉིད་ཤུགས་བསྟན་གྱི་དགག་བྱར་བཟུང་ནས་དེ་ཉིད་འགོག་པར་བྱེད་པའི་རྒྱན། དཔེར་ན། ཚོགས་ཆེན་ཞལ་ངོ་ཁྲོས་པའི་ཕྱག་ཟུང་གིས།། སྲ་མཁྲེགས་ལྕགས་རྒྱུག་གྱེན་དུ་འཕྱར་ན་ཡང་།། དགེ་འདུན་འདུས་པའི་ཁྲིམས་དང་འགལ་མེད་ཕྱིར།། ཉམ་ཆུང་གྲྭ་རྐྱང་འཇིགས་སྐྲག་སྐྱེ་དོན་མེད།།
༧༽ འབྲས་བུ་འགོག་པ། འབྲས་བུ་འགྲུབ་བྱེད་ཀྱི་རྒྱུ་ཆ་ཚང་གྲུབ་ནའང་ད་དུང་འབྲས་བུ་དེ་ཉིད་འགྲུབ་པར་འགོག་པའི་རྒྱན། དཔེར་ན། ཆང་དང་ཨ་རག་ཆུ་ལས་འབེལ་བ་དང་།། ན་གཞོན་མཛེས་མས་ཆགས་གཞས་འཁྲབ་པའི་གནས།། ཞབས་བྲོ་ཁང་དུ་ཐེངས་མང་སོང་ན་ཡང་།། བསླབ་པའི་སྲུང་སྡོམ་མ་ཤོར་འདི་ཅི་ཞིག།
༨༽ རྗེས་གནང་གི་འགོག་པ། དགག་བྱ་དེ་ཉིད་རྗེས་སུ་གནང་བའི་ཟོལ་གྱིས་དོན་ལ་འགོག་པར་བྱེད་པའི་རྒྱན། དཔེར་ན། བསྟན་པའི་སྲོག་ཤིང་མཆོག་ཉིད་དག་ཞིང་དུ།། ཕེབས་པར་འདོད་ན་དེ་བཞིན་མཛད་འཚལ་ལོ།། མ་དག་འཁོར་བས་བསྡུས་པའི་ཞིང་ཁམས་འདིར།། ཐུབ་བསྟན་འོད་སྣང་མྱུར་བ་ནུབ་པར་འགྱུར།།
༩༽ དབང་གིས་འགོག་པ། ཤུགས་བསྟན་གྱི་དགག་བྱ་གང་ཞིག་བཟུང་བ་དེ་ཉིད་དབང་ཡོད་ཀྱི་འགོག་པར་བསྟན་པའི་རྒྱན། དཔེར་ན། གང་ཁྱེད་ཨ་རིའི་ཞིང་ཁམས་ལ་ཕེབས་ན།། ཕྱོགས་དེར་ཆོས་ཚོགས་རྒྱ་ཆེར་བཙུགས་ནུས་ཤིང་།། རིན་ཆེན་ཌོ་ལར་ཕྱུག་པོ་ཆགས་ངེས་ཀྱང་།། དབུས་འགྱུར་འཕགས་པའི་ཞིང་དུ་བཞུགས་པར་མཛོད།།
༡༠༽ མ་གུས་པའི་འགོག་པ། དགག་བྱ་གང་ཞིག་བཟུང་བ་དེ་ཉིད་འགོག་བྱེད་མ་གུས་པའམ་མ་རངས་པའི་ཟོལ་གྱིས་འགོག་པར་བྱེད་པའི་རྒྱན། དཔེར་ན། གྲོགས་ཁྱོད་སློབ་གྲྭ་འགྲིམས་ནས་ལུགས་ཟུང་གནས།། མཁས་པར་འདོད་ཀྱིས་ཕྱུགས་ཟོག་འཚོ་སྐྱོང་གིས།། ཕྱུག་པོ་ཆགས་པའི་རེ་བ་བདག་ལ་མེད།། དེ་ལྟ་ནའང་ཁྱོད་ཉིད་ཅི་དགྱེས་མཛོད།།
༡༡༽ ཤིས་བརྗོད་ཀྱི་འགོག་པ། ཤུགས་བསྟན་གྱི་དགག་བྱ་དེ་ཉིད་འགྲུབ་པར་སྨོན་ལམ་བཏབ་པའི་ཟོལ་གྱིས་དོན་ལ་འགོག་པར་བྱེད་པའི་རྒྱན། དཔེར་ན། ཕོ་གཞོན་མཐོང་ཚད་ཟུར་མིག་ཞགས་པ་ཡིས།། བཀུག་པས་འདོད་པ་ཡིད་བཞིན་འགྲུབ་གྱུར་ཅིག། ཕྱིས་ནས་ཕ་མེད་ཕྲུ་གུའི་མར་གྱུར་ཏེ།། མི་ཚེ་མོ་ཧྲུལ་གྱུར་དུས་འགྱོད་མེད་ཤོག།
༡༢༽ རྩུབ་མོས་འགོག་པ། དགག་བྱ་དེ་ཉིད་རྩུབ་མོའི་ཚིག་ལ་བརྟེན་ནས་འགོག་པར་བྱེད་པའི་རྒྱན། དཔེར་ན། ཁྱོད་རང་རྒྱུན་དུ་ཧུབ་ལི་ལ་འཁྱམས་ཏེ།། བག་མེད་གློག་བརྙན་འདྲ་མིན་ལྟ་འདོད་ན།། ཁོ་བོས་ཁྱོད་ཀྱི་ཁག་ཁུར་མི་ནུས་པས།། ཁག་ཤག་དགེ་རྒན་གསར་པ་གཞན་ཞིག་འཚོལ།།
༡༣༽ གྲོགས་ཀྱིས་འགོག་པ། ཤུགས་བསྟན་གྱི་དགག་བྱ་དེ་ཉིད་ལ་གྲོགས་བྱེད་པའི་ཟོལ་གྱིས་དོན་དུ་འགོག་པར་བྱེད་པའི་རྒྱན། དཔེར་ན། གྲོགས་ཁྱོད་ཐེ་ཝན་ཡུལ་དུ་ཕེབས་འདོད་ན།། ལག་འཁྱེར་ཞུས་ནས་མྱུར་དུ་ཕེབས་པར་མཛོད།། ཕྱིས་ན་བོད་སོག་ལས་ཁུངས་སྒོ་བརྒྱབས་ཏེ།། ཁྱོད་ཉིད་སྐྱབས་ཀྱི་རེ་བ་བྲལ་བར་འགྱུར།།
༡༤༽ འབད་པས་འགོག་པ། དགག་བྱ་དེ་ཉིད་འགྲུབ་ཆེད་འབད་པར་བྱེད་པའི་ཟོལ་གྱིས་དོན་དུ་འགོག་པར་བྱེད་པའི་རྒྱན། ཕྱི་གླིང་མཛེས་མའི་ལང་ཚོའི་རིན་ཐང་ལ།། སྤྱོད་ཅེས་ཁྱོད་ཉིད་དགྱེས་པ་སྐྱེད་འདོད་ཀྱང་།། ཨེ་ཊི་ན་ཚས་ཕྱི་མའི་སྐུ་མགྲོན་ལ།། སྐྱེ་བའི་ཉེན་བརྡ་ཚིག་འདི་ཁ་ནས་ཤོར།།
༡༥༽ གཞན་དབང་གིས་འགོག་པ། དགག་བྱ་དེ་ཉིད་འགོག་བྱེད་གཞན་དབང་གིས་འགོག་པར་བྱེད་པའི་རྒྱན། དཔེར་ན། རྣམ་གསུམ་ངུར་སྨྲིག་བགོས་པའི་ཚོགས་ར་ནས།། ཁོ་བོ་སྨིན་ལེགས་ཁྱོད་དང་འགྲོགས་བཞེད་ན།། དམ་ཆོས་འདུལ་བའི་གཞུང་གི་བཅས་མཚམས་ལ།། བཀའ་མོལ་མཛོད་དང་དེ་གསུང་བདག་གིས་བགྱིས།།
༡༦༽ ཐབས་ཀྱིས་འགོག་པ། དགག་བྱ་དེ་ཉིད་འགོག་བྱེད་སྒྲུབ་ཐབས་མེད་པའམ་སྒྲུབ་པར་དཀའ་བ་ཞིག་ཐབས་སུ་བཀོད་ནས་འགོག་པར་བྱེད་པའི་རྒྱན། དཔེར་ན། དབྱངས་ཅན་མགྲིན་མཚོར་ཞུགས་པའི་སྙན་ངག་པ།། གང་ཁྱེད་གཞན་དུ་ཕེབས་ལ་བཟོད་པར་བགྱིས།། གངས་ཅན་གཙུག་ལག་རྒྱ་མཚོ་སྨྲ་བའི་འདབ།། དེ་རིང་ཉིད་དུ་བདག་ཅག་རྣམས་ལ་སྩོལ།།
༡༧༽ ཁྲོ་བས་འགོག་པ། དགག་བྱ་དེ་ཉིད་འགོག་བྱེད་ཁྲོ་བའི་ཟོལ་གྱིས་འགོག་པར་བྱེད་པའི་རྒྱན། དཔེར་ན། དྭ་ཡོན་དཀར་པོའོ་བསླུ་ཁྲིད་ལ་ཆགས་ཏེ།། རྒྱལ་ཁབ་དགྲ་ལ་བཙོངས་པའི་སྐུ་ངོ་ཚོས།། མང་ཚོགས་ཁྲོད་དུ་དག་སེལ་བྱས་ན་ཡང་།། རྒྱལ་ཚོང་བུ་ལ་ཡིད་ཆེས་སུ་ཡིས་བྱེད།།
༡༨༽ མྱ་ངན་གྱིས་འགོག་པ། དགག་བྱ་དེ་ཉིད་སྙིང་རྗེ་བའམ་མྱ་ངན་གྱི་ཟོལ་གྱིས་འགོག་པར་བྱེད་པའི་རྒྱན། དཔེར་ན། གཙུག་ལག་བསླབ་པའི་སློབ་གྲྭ་མ་འགྲིམས་ཤིང་།། ཁྲིམས་ལྡན་འདུས་པའི་ཚོགས་གྲྭ་མ་ཞུགས་པར།། ར་ལུག་ཕག་གསུམ་འཚོ་ནས་རི་སྒང་ལ།། ལང་ཚོའི་རིན་ཐང་ཟད་པའི་གཞོན་ནུ་སྐྱོ།།
༡༩༽ འགྱོད་པས་འགོག་པ། སྒྲུབ་འོས་པའི་བྱ་བ་ཞིག་སྒྲུབ་རྒྱུ་བྱུང་བ་དགག་བྱར་བྱས་ནས་དེ་ཉིད་འགྱོད་པའི་ཟོལ་གྱིས་འགོག་པར་བྱེད་པའི་རྒྱན། དཔེར་ན། སྡང་དགྲ་འཇོམས་པའི་མཚོན་ཆ་མ་བསྣམས་ཤིང་།། བྱམས་བརྩེ་ཆུང་མའི་འོ་འཛིན་མ་རེག་པར།། བདོས་བཅས་ཡལ་འདབ་ལྔ་པའི་ལག་པ་འདི།། འཁྱོག་པོའི་སྡོང་སྐམ་འདྲ་བར་གྱུར་འདི་ཕོངས།།
༢༠༽ ཐེ་ཚོམ་གྱིས་འགོག་པ། དགག་བྱར་ཐེ་ཚོམ་པའི་གཞི་བཟུང་སྟེ་དེ་ལ་རྒྱུ་མཚན་ཞིག་ལ་བརྟེན་ནས་ཅིག་ཤོས་དེ་འགོག་པར་བྱེད་པའི་རྒྱན། དཔེར་ན། ཅི་འདི་ལྷུན་སྟུག་གསེར་གྱི་རི་བོ་ལ།། སྣ་ལྔས་འཇའ་ཡིས་མཛེས་པར་བཀླུབས་པའམ།། ཡང་ན་བཤེས་གཉེན་དམ་པའི་མཛེས་སྐུ་སྟེ།། ཟབ་རྒྱས་ལེགས་བཤད་སྒྲོག་ཕྱིར་གསེར་རི་མིན།།
༢༡༽ སྦྱར་བས་འགོག་པ། དོན་དངོས་དང་ཕལ་བའི་དངོས་པོ་བརྗོད་གཞི་གཉིས་སུ་སྒྲ་དོན་གང་རུང་གི་སྒོ་ནས་མཚུངས་པར་སྦྱར་ནས་དོན་དངོས་དེ་ཉིད་འགོག་པར་བྱེད་པའི་རྒྱན། དཔེར་ན། དྲི་མེད་དག་པའི་ཁམས་ནས་ལེགས་གྲུབ་ཅིང་།། མྱོང་ན་ལུས་སེམས་གདུང་བ་སེལ་ནུས་པའི།། གསུང་རབ་བདུད་རྩིའི་དགའ་སྟོན་འདི་ཡོད་བཞིན།། འཆི་མེད་བཏུང་བ་འཚོལ་འདིས་ཅི་ཞིག་བྱ།།
༢༢༽ དོན་གཞན་གྱིས་འགོག་པ། དགག་བྱ་དེ་ཉིད་རང་དང་ཕྱོགས་མཚུངས་པའི་དོན་གཞན་གྱི་དངོས་པོ་ཞིག་འགོག་བྱེད་དུ་བཀོད་ནས་འགོག་པར་བྱེད་པའི་རྒྱན། དཔེར་ན། ལྔ་རིག་མགྲིན་མཚོར་འཁྱིལ་བའི་མཁས་དབང་དེས།། ད་དུང་སྣ་མང་དཔེ་དེབ་གཟིགས་འདི་ཅི།། འོན་ཀྱང་གཏིང་མཐའ་མི་མངོན་རྒྱ་མཚོ་ཡིས།། གཙང་ཆུ་འཐུང་བར་ངོམས་པ་མེད་ལ་ལྟོས།།
༢༣༽ རྒྱུས་འགོག་པ། དགག་བྱ་དེ་ཉིད་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་འགོག་པར་བྱེད་པའི་རྒྱན། དཔེར་ན། ཞི་བདེའི་དེད་དཔོན་མཆོག་དེས་བྱང་རྒྱུད་ཀྱི།། ས་ཡ་དྲུག་གི་མགོན་སྐྱབས་མཛད་པ་ལ།། བསྔགས་པའི་རོལ་མོ་འཁྲོལ་བ་མི་འོས་ཏེ།། ཁྱེད་ནི་གངས་རིའི་ལྷ་སྐལ་ཡིན་པས་སོ།།
བདུན་པ་དོན་གཞན་བཀོད་པ། བསྒྲུབ་བྱའི་དངོས་འགའ་སྔོན་བཀོད་ནས།། དེ་ཡི་སྒྲུབ་བྱེད་ནུས་པ་ཅན།། དངོས་པོ་གཞན་ཞིག་འགོད་པ་དེ།། དོན་གཞན་བཀོད་པའི་རྒྱན་ཞེས་བྱ།། དབྱེ་ན་བརྒྱད་ཀྱི་བདག་ཉིད་དོ།།
༡༽ ཀུན་ཁྱབ་དོན་གཞན་བཀོད་པ། བསྒྲུབ་བྱ་གང་ཞིག་སྔོན་དུ་བཀོད་པ་དེ་ཉིད་སྒྲུབ་བྱེད་ཁྱབ་ཆེ་བའི་དངོས་པོ་གཞན་ཞིག་བཀོད་པའི་རྒྱན། དཔེར་ན། མི་ཚོགས་འབུམ་ལྡན་གུ་ཇི་ར་ཏིའི་གྲོང་།། སྐད་ཅིག་ཉིད་ལ་ཤི་བོའི་དུར་ཁྲོད་གྱུར་།། སྐྱེས་པའི་མཐའ་མ་མི་བརྟན་འཇིགས་པ་ནི།། འདུས་བྱས་མི་རྟག་སྒྱུ་མའི་རང་མཚང་ཉིད།།
༢༽ ཁྱད་པར་ཅན་གྱི་དོན་གཞན་བཀོད་པ། བསྒྲུབ་བྱ་གང་ཞིག་སྔོན་དུ་བཀོད་པ་དེ་ཉིད་སྒྲུབ་བྱེད་ཁྱད་པར་བའི་དངོས་པོ་བྱེ་བྲག་པ་གཞན་ཞིག་བཀོད་པའི་རྒྱན། དཔེར་ན། རྣམ་དག་རྒྱལ་སྲས་སེམས་དཔས་འགྲོ་རྣམས་ཀྱི།། གདུང་སེལ་གཞན་ཕན་ལྷག་བསམ་ནམ་ཡང་གཡོ།། མ་ལ་ཡ་ཡི་རླུང་དང་འགྲོགས་པ་ཡི།། ཧ་རི་ལྗོན་པའི་དྲི་བཟང་ཕྱོགས་ཀུན་འཐིབ།།
༣༽ སྦྱར་བའི་དོན་གཞན་བཀོད་པ། སྔོན་དུ་བཀོད་པའི་བསྒྲུབ་བྱ་དེ་ཉིད་སྒྲུབ་བྱེད་སྒྲ་དོན་གང་རུང་གི་སྒོ་ནས་དོན་གཉིས་ལ་སྦྱར་རུང་བ་ཞིག་བཀོད་པའི་རྒྱན། དཔེར་ན། སྣ་མང་ཤེས་བྱའི་གནས་ལ་མཁས་པའི་མདུན།། བློ་གསལ་དོན་གཉེར་ཅན་རྣམས་ངང་གིས་འདུ།། པདྨ་ཅན་གྱི་མདུན་སར་སྦྲང་རྩིའི་བུ།། འཁོར་བ་འདི་ཀོ་དངོས་པོའི་ཆོས་ཉིད་ལགས།།
༤༽ འགལ་བའི་དོན་གཞན་བཀོད་པ། བྱེད་པ་པོ་དང་བྱ་བ་གཉིས་མི་མཐུན་པའམ་འགལ་བ་ཅན་ཞིག་བསྒྲུབ་བྱར་བཀོད་ནས་སྒྲུབ་བྱེད་ནུས་པ་ཅན་གྱི་དངོས་པོ་གཞན་ཞིག་བཀོད་པའི་རྒྱན། དཔེར་ན། ལྷ་ཆེན་བདག་ལྟའི་སྐྱོན་གྱི་སྦགས་ན་ཡང་།། གཉིས་སྐྱེས་ཚོགས་རྣམས་རྗེས་སུ་འཛིན་པར་ནུས།། རྡུལ་བཅས་སེམས་མེད་སྦྲང་རྩིའི་རྒྱལ་མཚན་གྱིས།། ར་ཡིག་གཉིས་པ་དགའ་བ་སྐྱེད་ལ་ལྟོས།།
༥༽ མི་འོས་པའི་དོན་གཞན་བཀོད་པ། བསྒྲུབ་བྱ་མི་འོས་པ་ཞིག་ནས་སྒྲུབ་བྱེད་ཀྱང་དེ་དང་མཐུན་པའི་དངོས་པོ་གཞན་ཞིག་བཀོད་པའི་རྒྱན། དཔེར་ན། ཕན་པའི་གཏམ་གྱི་བསླབ་བྱ་སྨྲས་ན་ཡང་།། སྙིང་ལ་དུག་གི་ཚེར་མ་གྱུར་འདི་ཅི།། ཀྱེ་མ་ལེགས་ཉེས་རྣམ་དབྱེ་མི་ཕྱེད་པའི།། རྨོངས་རྒན་བླུན་པོའི་གཤིས་ཀ་འདི་རེ་སྐྱོ།།
༦༽ འོས་པའི་དོན་གཞན་བཀོད་པ། གཞི་དེ་ལ་ལྟོས་ནས་བསྒྲུབ་བྱ་འོས་པ་ཞིག་སྒྲུབ་བྱེད་ཀྱང་འོས་པ་ཞིག་བཀོད་པའི་རྒྱན། དཔེར་ན། གཟུར་གནས་མཁས་པའི་བསླབ་བྱའི་ལེགས་བཤད་ཀྱིས།། སྙིང་ན་གནས་པའི་སྐྱོན་མཚང་འབྱིན་པར་བྱེད།། བཟང་དྲུག་གཅིག་ཏུ་བསྡུས་པའི་སྨན་སྦྱོར་གྱིས།། ཚ་གྲང་ནད་ཀྱི་ཟུག་ངུ་འཇོམས་མིན་ནམ།།
༧༽ འོས་པ་དང་མི་འོས་པའི་དོན་གཞན་བཀོད་པ། བསྒྲུབ་བྱ་འོས་ཤིང་མི་འོས་པ་ཞིག་ལ་སྒྲུབ་བྱེད་ཀྱང་དེ་དང་མཐུན་པར་བཀོད་པའི་རྒྱན། དཔེར་ན། བདེན་པའི་གཏམ་གྱིས་མཁས་དགུའི་སྙིང་ཁམས་ན།། དགའ་བ་སྐྱེད་ཀྱི་རྫུན་དང་གཡོ་སྒྱུས་མིན།། ཨ་རུ་གསེར་མདོག་འབར་བས་འབྱུང་འཁྲུགས་ནད།། སེལ་བ་ནུས་ཀྱི་ནག་པོ་བརྩེགས་པས་མིན།།
༨༽ མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ། བསྒྲུབ་བྱ་མི་འོས་ཤིང་འོས་པ་ཞིག་བཀོད་ནས་སྒྲུབ་བྱེད་ཀྱང་དེ་དང་མཐུན་པའི་དོན་གཞན་ཞིག་བཀོད་པའི་རྒྱན། དཔེར་ན། རབ་བྱུང་བཙུན་མའི་ལྟོ་བ་འབུར་ཆོག་ན།། ཨ་ཅེ་མཛེས་མས་ཁྱོ་དགུ་ཅིས་མི་འགྲིམས།། བསྟན་འཛིན་སྐྱེས་བུ་མག་པར་ཕེབས་ཆོག་ན།། གྲྭ་རྐྱང་དཀྱུས་མས་ཨ་རག་ལོས་འཐུང་ལགས།།
བརྒྱད་པ་ལྡོག་པ་ཅན་གྱི་རྒྱན། སྒྲས་ཟིན་པའམ་ཤུགས་ལ་ནི།། དཔེ་དོན་མཚུངས་པར་བསྟན་ནས་ཕྱིས།། ལྡོག་ཆོས་གང་ཞིག་ལ་བརྟེན་ནས།། ཁྱད་པར་བྱེད་པ་ལྡོག་པའི་རྒྱན།། དབྱེ་བ་བཅུ་ཡི་བདག་ཉིད་དོ།།
༡༽ གཅིག་གི་ལྡོག་པ་ཅན། དཔེ་དོན་མཚུངས་ཆོས་དངོས་སུ་བརྗོད་ནས་མཚུངས་པར་སྦྱར་རྗེས་སླར་འབྱེད་ཆོས་གཅིག་ཙམ་ལ་བརྟེན་ནས་དཔེ་དོན་སོ་སོར་འབྱེད་པའི་རྒྱན། དཔེར་ན། སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་སྒྲོག་པ་ཡིས།། ཐོས་འཛིན་རྣ་བའི་དགའ་སྟོན་སྐྲུན་བྱེད་པའི།། བཤེས་གཉེན་དམ་པའི་གསུང་དང་ཁུ་བྱུག་གླུ།། ཟབ་དང་རྒྱ་ཆེའི་བརྗོད་བྱ་ལྡན་པས་དབྱེ།།
༢༽ གཉིས་ཀྱི་ལྡོག་པ་ཅན། དཔེ་དོན་མཚུངས་ཆོས་དངོས་སུ་སྦྱར་ནས་མཚུངས་པ་བསྟན་རྗེས་སླར་ཡང་འབྱེད་ཆོས་མི་འདྲ་བ་གཉིས་ལ་བརྟེན་ནས་དཔེ་དོན་སོ་སོར་འབྱེད་པའི་རྒྱན། དཔེར་ན། རབ་མཛེས་དཀར་གསལ་མིག་གི་དཔྱིད་གྱུར་པའི།། སྨིན་ལེགས་དགའ་མའི་ཞལ་དང་ཟླ་བ་གཉིས།། མཚུངས་ཀྱང་ཟླ་གཞོན་སྐར་ཚོགས་དབུས་ན་རྒྱུ།། གང་ཁྱེད་འཇིག་རྟེན་མི་ཡུལ་མཛེས་པའི་རྒྱན།།
༣༽ སྦྱར་བའི་ལྡོག་པ་ཅན། དཔེ་དོན་གཉིས་སྒྲའི་མཚུངས་ཆོས་སྦྱར་ནས་སླར་ཡང་ལྡོག་ཆོས་གང་ཞིག་ལ་བརྟེན་ནས་སོ་སོར་འབྱེད་པའི་རྒྱན། དཔེར་ན། པད་མ་ཅན་ལ་རྒྱུན་དུ་འཁོར་བྱེད་ཅིང་།། སྦྲང་རྩིའི་བུ་ཡི་མིང་གིས་བསྙད་པ་ཡིས།། ཉ་ཡི་ཏོག་ཅན་རྐང་དྲུག་དང་མཚུངས་ཀྱང་།། མཁའ་འགྲོའི་དབང་ཕྱུག་བཞོན་པས་རྣམ་པར་དབྱེ།།
༤༽ འགོག་པའི་ལྡོག་པ་ཅན། དཔེ་དོན་མཚུངས་ཆོས་དངོས་སུ་སྦྱར་ནས་སླར་ཡང་འགོག་བྱེད་གང་ཞིག་ལ་བརྟེན་ནས་དཔེ་དོན་སོ་སོར་ལྡོག་པའི་རྒྱན། དཔེར་ན། ལྟ་ན་སྡུག་ཅིང་སྣོམ་ན་དྲི་བསུང་མངར།། འཇམ་པའི་རེག་བྱའི་ཡོན་ཏན་ཡོངས་རྫོགས་ཀྱང་།། བརྩེ་དུང་སེམས་ཀྱི་རིན་ཐང་མི་ལྡན་པས།། ཆུ་སྐྱེས་གཞོན་ནུས་ཁྱོད་ཇི་ལྟར་འགྲན།།
༥༽ གཏན་ཚིགས་ལྡོག་པ་ཅན། དཔེ་དོན་མཚུངས་ཆོས་དངོས་སུ་སྦྱོར་ནས་སླར་ཡང་རྒྱུ་མཚན་ཞིག་ལ་བརྟེན་ནས་དཔེ་དོན་སོ་སོར་ལྡོག་པའི་རྒྱན། དཔེར་ན། དྲུག་འགྱུར་སྙན་མོས་རྣ་བའི་བཅུད་ལེན་ཀྱང་།། འདོད་པའི་གཏམ་གྱིས་དགའ་སྟོན་མི་འབྱེད་པས།། མི་ཕྱེད་མཛའ་བས་ཕྱུག་པའི་སྨིན་ལེགས་ལས།། ལྷོ་མོན་ཡུལ་ནས་འཕུར་བའི་ཁུ་བྱུག་དམན།།
༦༽ རྟེན་གྱི་ལྡོག་པ་ཅན། དཔེ་དོན་མཚུངས་པ་ཤུགས་ལ་བསྟན་ནས་རྟེན་གྱི་སྒོ་ནས་སོ་སོར་འབྱེད་པའི་རྒྱན། དཔེར་ན། གངས་ཅན་མིག་གཅིག་ཐོན་མི་སློབ་དཔོན་དང་།། ལྷ་ཡི་བླ་མ་དྲང་སྲོང་ཕུར་བུ་གཉིས།། ཕྱི་མ་འཆི་མེད་ལྷ་ཡི་ཡུལ་དུ་བལྟམས།། གཅིག་ཤོས་བསིལ་ལྡན་ར་བའི་ཞིང་དུ་འཁྲུངས།།
༧༽ དཔེ་ཅན་ལྷག་པའི་ལྡོག་པ་ཅན། དཔེ་དོན་མཚུངས་ཆོས་ཤུགས་ལ་བསྟན་ནས་དེ་གཉིས་ལས་དཔེ་ཅན་ལྷག་པའི་སྒོ་ནས་སོ་སོར་འབྱེད་པའི་རྒྱན། དཔེར་ན། རི་བོང་ཅན་ལ་འཛུམ་པའི་མཆུ་སྒྲོས་དང་།། མ་འདྲེས་རྣམ་པར་བཀྲ་བའི་སྤྱན་དཀྱུས་མེད།། སྙིང་གི་སྡུག་གུ་མ་ཁྱེད་འཛུམ་པའི་ཞལ།། མཛེས་པའི་ཁྱད་ནོར་དེ་དག་ཉིད་ཀྱི་རྒྱན།།
༨༽ མཚུངས་ཆོས་དང་འབྱེད་ཆོས་གཉིས་ཀ་དངོས་སུ་མཚུངས་པའི་ལྡོག་པ་ཅན། དཔེར་ན། གང་གཱའི་ཆུ་དང་འབྲི་ཆུ་གཙང་པོ་གཉིས།། དྭངས་གཙང་ཡན་ལག་བརྒྱད་དང་ལྡན་པ་སྟེ།། ལམ་གསུམ་འབབ་པ་འཕགས་པའི་ཡུལ་དུ་རྒྱུ།། འབྲི་ཆུ་གཙང་པོ་ཙི་ནའི་ཡུལ་དུ་འབབ།།
༩༽ མཚུངས་ཆོས་ཤུགས་དང་དང་འབྱེད་ཆོས་དངོས་སུ་བསྟན་པའི་ལྡོག་པ་ཅན་གྱི་རྒྱན། དཔེར་ན། དྲི་ཟའི་ན་ཆུང་ཡིད་འཕྲོག་ལྷ་མོ་དང་།། གླིང་དཀར་སྟོད་ཀྱི་ཨ་ཅེ་འབྲུག་མོ་གཉིས།། སྔ་མ་ནོར་བཟང་རྒྱལ་པོའི་སྙིང་སྡུག་སྟེ།། གཅིག་ཤོས་སེང་ཆེན་ནོར་བུའི་ཇ་མ་ལགས།།
༡༠༽ རིགས་མཐུན་ལྡོག་པ་ཅན། དཔེ་དོན་ཁྱད་གཞི་རིགས་མཐུན་པའི་སྒོ་ནས་མཚུངས་ཀྱང་ཁྱད་ཆོས་སོ་སོར་ལྡོག་པའི་རྒྱན། དཔེར་ན། གྲང་མོའི་ཆུ་ཡིས་བཅིལ་བར་མི་ནུས་ཤིང་།། སྐམ་པོའི་བུད་ཤིང་སྣོན་མ་མི་དགོས་པར།། ཁོག་ནས་འབར་བའི་འདོད་རྔམས་མེ་ལྕེ་འདིས།། ལྷིངས་འཇགས་བསིལ་བའི་གོ་སྐབས་ཅི་མི་གཞོམ།།
དགུ་པ་སྲིད་པ་ཅན་གྱི་དོན་རྒྱན། རབ་ཏུ་གྲགས་པའི་རྒྱུ་བཟློག་ནས།། གང་ཞིག་རྒྱུ་གཞན་ཅུང་ཟད་དམ།། གང་དུ་རང་གི་ངོ་བོ་ཉིད།། སྟོན་པ་དེ་ནི་སྲིད་པ་ཅན།། དབྱེ་བ་གསུམ་གྱི་བདག་ཉིད་དོ།།
༡༽ ཕྱི་དུས་ལ་སྦྱར་བའི་སྲིད་པ་ཅན། འཇིག་རྟེན་གྲགས་ཚད་ཀྱི་རྒྱུ་བཟློག་ནས་རྒྱུ་གཞན་ཅུང་ཟད་ཙམ་བསྟན་ནས་འབྲས་བུ་ཕྱི་དུས་ཀྱི་ངོ་བོ་ཙམ་སྟོན་པའི་རྒྱན། དཔེར་ན། མ་བཀབ་མུན་པ་སྟུག་པོས་ཡོངས་སུ་འགེབས།། མ་བཀྲམ་རྒྱུ་སྐར་ཚོགས་རྣམས་མཁའ་ལ་གྲམ།། མ་བོས་བྱ་རོག་དགྲ་རྣམས་འདུས་པ་ཡི།། ཐུན་གསུམ་མཚན་མོར་རྨི་ལམ་ཞིང་དུ་ཉུལ།།
༢༽ ནང་ལང་ཚོར་སྦྱར་བའི་སྲིད་པ་ཅན་གྱི་རྒྱན། འཇིག་རྟེན་ན་གྲགས་པའི་རྒྱུ་བཟློག་ནས་རྒྱུ་གཞན་ཅུང་ཟད་ཙམ་ལ་བརྟེན་ནས་འབྲས་བུ་ནང་གི་ལང་ཚོའི་རང་བཞིན་བསྟན་པའི་རྒྱན། དཔེར་ན། མ་བྱུག་སྐྲ་ལོ་དུང་གི་ཁ་དོག་འཛིན།། མ་ཕུད་སོ་ཡི་ཕྲེང་བ་ངང་གིས་བུད།། མ་བཀུག་གཟུགས་པོ་དཔའ་བོའི་གཞུ་ལྟར་འགུག། མ་འབོད་བཞི་པའི་སྐུ་མགྲོན་རྒན་པོ་ཚོ།།
༣༽ དངོས་པོའི་རང་བཞིན་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན། འཇིག་རྟེན་ན་གྲགས་མ་གྲགས་གཉིས་ཀྱི་རྒྱུ་གཉིས་ཀ་བཟློག་ནས་འབྲས་བུ་དངོས་པོ་རང་གི་ངོ་བོ་ཙམ་བསྟན་པའི་རྒྱན། དཔེར་ན། སྨྲ་བྱེད་མེད་པར་ལྡིར་བའི་སྒྲ་དབྱངས་སྒྲོག། ཕན་སེམས་མེད་པར་ཆར་གྱི་རྒྱུན་བཟང་འཇོ།། གཤོག་པ་མེད་པར་ནམ་མཁའི་དབྱིངས་སུ་འཕུར།། མ་དྲས་གནམ་གྱི་གོས་བཟང་ཆུ་ཁུར་འཛིན།།
བཅུ་པ་བསྡུས་བརྗོད་ཀྱི་རྒྱན། དངོས་པོ་གཞན་ཞིག་བརྗོད་འདོད་ནས།། དེ་དང་མཚུངས་པའི་དངོས་པོ་གཞན།། བསྡུས་པའི་ཚུལ་གྱི་བརྗོད་པ་གང་།། དེ་ནི་བསྡུས་བརྗོད་རྒྱན་ཡིན་ནོ།། དབྱེ་བ་བཞི་ཡི་བདག་ཉིད་དོ།།
༡༽ སྤྱིའི་བསྡུས་བརྗོད་ཀྱི་རྒྱན། བསྡུས་བརྗོད་ཀྱི་རྒྱན་དང་དོན་གཅིག་གོ དཔེར་ན། ནང་དུ་མི་གཙང་ཐལ་བས་བརྒྱངས་པ་ཡི།། དབྱིབས་མཛེས་གོས་ཆེན་སེར་པོའི་རྩམ་ཁུག་ཅིག། གསོལ་ཅོག་མཐོན་པོའི་སྟེང་དུ་བཤམས་པ་དེ།། མཐོང་ཚེ་གད་མོ་མི་འཆོར་རང་དབང་ཅི།།
༢༽ ཁྱད་གཞི་ཐ་དད་ཅིང་ཁྱད་ཆོས་ཐ་དད་མིན་པའི་བསྡུས་བརྗོད། བསྡུ་བྱ་དང་སྡུད་བྱེད་ཀྱི་དཔེ་དོན་གཉིས་ཁྱད་ཆོས་ཐུན་མོང་དུ་ཡོད་པའི་བསྡུས་བརྗོད་ཀྱི་རྒྱན། དཔེར་ན། ཕལ་བའི་ནོར་གྱིས་གཞལ་བ་མི་ནུས་པར།། གང་ཞིག་འདོད་པ་ངང་གིས་འགྲུབ་ནུས་པའི།། ཤིན་ཏུ་རྙེད་དཀའ་བསམ་འཕེལ་ནོར་བུ་འདི།། ལན་གཅིག་ཐོབ་འདི་སྐལ་བ་མི་བཟང་ངམ།།
༣༽ ཁྱད་ཆོས་འགའ་ཞིག་ཐ་དད་ཅིང་འགའ་ཞིག་ཐ་དད་མིན་པའི་བསྡུས་བརྗོད། བསྡུ་བྱའི་དོན་དང་སྡུད་བྱེད་དཔེ་གཉིས་ཀྱི་ཁྱད་ཆོས་འགའ་ཞིག་མཚུངས་ཤིང་འགའ་ཞིག་མི་མཚུངས་པའི་བསྡུས་བརྗོད་ཀྱི་རྒྱན། དཔེར་ན། སྔ་ཕྱི་གཉིས་སྟོང་ལྗིད་དང་རིན་ཐང་མེད།། ཚོན་རྩི་བཀྲ་བའི་གླང་ཀོ་ལས་གྲུབ་པའི།། ཅང་མེད་ཨ་ཁུ་བསྟན་པའི་རྟ་སྒྲོ་འདི།། རྒྱུས་མེད་གཞན་མགོ་སྐོར་བའི་ལག་ཆ་ཡིན།།
༤༽ སྔོན་མེད་བསྡུས་བརྗོད། སྡུད་བྱེད་དཔེའི་ཁྱད་ཆོས་སྔར་མེད་པ་ཅན་འགའ་ཞིག་བཀོད་པ་དེ་བརྗོད་དོན་དངོས་དེས་སྡུད་པའི་རྒྱན། དཔེར་ན། གདུག་ཅན་ལག་འགྲོས་འཁྱུད་པར་མ་བྱས་ཤིང་།། རྩུབ་བྲལ་འཇམ་པའི་རེག་བྱ་དང་ལྡན་ལ།། དགུན་འཁྱག་ལྷགས་པའི་རུམ་ལས་འཁྲུངས་པ་ཡི།། ཙན་དན་ལྗོན་པའི་ཤིང་འདི་ཁོ་བོས་རྙེད།།
བཅུ་གཅིག་པ་ཕུལ་བྱུང་གི་རྒྱན། བརྗོད་འདོད་དེ་ཉིད་འཇིག་རྟེན་གྱི།། མཚམས་ལས་བརྒལ་བའི་འུད་ཤོད་ཀྱིས།། རྗོད་པ་ཕུལ་བྱུང་རྒྱན་ཡིན་ཏེ།། ཁྱད་པར་ཐེ་ཚོམ་ངེས་པ་དང་།། ངོ་མཚར་ཕུལ་བྱུང་བཅས་ཏེ་བཞི།།
༡༽ ཁྱད་འཕགས་ཕུལ་བྱུང་ཞ དཔེ་ཅན་གྱི་ཁྱད་ཆོས་དེ་དཔེའི་ཁྱད་ཆོས་ལས་བརྒལ་བའི་ཁྱད་པར་འཕགས་པ་ལྟར་གྲགས་ཚད་ལས་བརྒལ་ནས་འུད་བཤད་པའི་རྒྱན། དཔེར་ན། ཕོ་བརྒྱའི་ཡིད་དབང་འགུག་པའི་སྟངས་སྟབས་དང་།། མོ་བརྒྱ་སྙིང་རླུང་འཁྲུགས་པའི་ལྡེམ་འཁྱུག་ཅན།། གླིང་དཀར་སྟོད་ཀྱི་ཨ་ཅེ་འབྲུག་མོའི་འཁྲུལ།། དཔལ་མོའི་སྒྱུ་རྩལ་གྱིས་ཀྱང་མཚོན་ནུས་མིན།།
༢༽ ཐེ་ཚོམ་ཕུལ་བྱུང་། བརྗོད་གཞི་དེའི་ཁྱད་ཆོས་དངོས་སུ་རྟོགས་ནའང་དེའི་ཆེ་བ་འདོན་པའི་ཕྱིར་ཐེ་ཚོམ་ཟ་བ་ལྟར་བརྗོད་ནས་འུད་བཤད་པའི་རྒྱན། དཔེར་ན། འཇམ་མཉེན་ཁྲ་ལྡེམ་དཀར་མཛེས་ལང་ཚོའི་དཔལ།། ཡོངས་སུ་སྨིན་པ་འཆི་མེད་བུ་མོ་ཡང་།། བྲན་གྱི་ཡང་མཐར་བསྒྱུར་བའི་བུ་མོ་འདིས།། མི་ཟས་རགས་པ་སྤྱོད་མིན་འཕྱང་མོ་ཉུག།
༣༽ ངེས་པ་ཕུལ་བྱུང་། མངོན་སུམ་དུ་རྟོགས་ནུས་པ་ཞིག་ཞ་བསྟོད་པར་འདོད་ནས་རྟགས་ལ་བརྟེན་ནས་ད་གཟོད་ངེས་པ་ལྟར་འུད་བཤད་པའི་རྒྱན། དཔེར་ན། སྐྱེས་སྟོབས་ཤེས་རབ་འབར་བའི་འོད་འཕྲོས་ཤིང་།། སྦྱངས་སྟོབས་ཡོན་ཏན་བླ་ན་བརྟས་པ་ཡིས།། མཁས་ཁྱོད་རྒྱུན་དུ་ཆོས་ར་འགྲིམས་པ་འདིས།། ད་དུང་གཅད་རྒྱུའི་སྒྲོ་འདོགས་ཡོད་པར་ངེས།།
༤༽ ངོ་མཚར་ཕུལ་བྱུང་། དོ་མི་མཉམ་པ་གཉིས་ཕན་ཚུན་བརྟེན་དང་རྟེན་པར་གྱུར་པ་ལ་ཡ་མཚན་པ་ལྟར་འུད་བཤད་པའི་རྒྱན། དཔེར་ན། བགྲང་དུ་མེད་པའི་རྣམ་མང་ཁ་དོག་དང་།། གཞལ་དུ་མེད་པའི་གཟུགས་དབྱིབས་བཀོད་པ་ཀུན།། ཕྲ་ཆུང་མིག་གི་བུ་ག་ཆུང་ངུའི་ནང་།། ཤོང་བའི་ཚུལ་འདི་ངོ་མཚར་མི་ཆེའམ།།
བཅུ་གཉིས་པ་རབ་རྟོག་གི་རྒྱན། སེམས་དང་ལྡན་མིན་ཇི་ལྟར་ཡང་།། བརྗོད་བྱའི་དངོས་པོ་དེ་ཉིད་ལ།། རྣམ་པ་གཞན་ཞིག་སྒྲོ་བཏགས་ནས།། བརྗོད་པ་དེ་ནི་རབ་རྟོག་རྒྱན།། དབྱེ་བ་དྲུག་གི་བདག་ཉིད་ཡིན།།
༡༽ སེམས་ལྡན་རབ་རྟོག སེམས་ལྡན་གྱི་བརྗོད་གཞི་དེ་ཉིད་ཀྱི་གནས་ལུགས་དངོས་དེ་རྣམ་པར་གཞན་ཞིག་སྒྲོ་བཏགས་ནས་བརྗོད་པའི་རྒྱན། དཔེར་ན། ཐོག་བརྩེགས་བརྒྱ་ཕྲག་བརྒལ་བའི་ཁང་བཟང་གང་།། སེམས་མེད་གནམ་གྲུ་འཕུར་བས་གཏོར་བ་ན།། ཁྲུང་ཁྲུང་བྱ་རྒོད་ལ་སོགས་འདབ་ཆགས་དག། ཨ་རིའི་དམག་ལ་འཇིགས་ནས་བྲོས་སམ་སྙམ།།
༢༽སེམས་མེད་རབ་རྟོག སེམས་མེད་ཀྱི་བརྗོད་གཞི་དེ་ཉིད་ཀྱི་གནས་ལུགས་དངོས་དེ་རྣམ་པར་གཞན་ཞིག་སྒྲོ་བཏགས་པའི་རྒྱན། དཔེར་ན། མ་རུང་ཇག་པའི་དཔུང་ཚོགས་འདུས་པ་ལས།། མི་བསད་ཁྲག་སྦྱོར་ལས་ལ་བརྩོན་པ་ན།། རང་བྱུང་འབྱུང་བ་སྐྱོ་ནས་ངུ་བའི་སྒྲ།། འབྲུག་གི་ཟོལ་དུ་གྲགས་ནས་མ་ཡིན་ནམ།།
༣༽ ཏིང་འཛིན་རབ་རྟོག་བཞིན་སྒྲ་ཅན། སེམས་མེད་རབ་རྟོག་ལ་གསལ་བྱེད་ཀྱི་སྒྲ་བཞིན་སྒྲ་སྦྱར་བའི་རྒྱན། དཔེར་ན། མཚན་མོར་གློག་ཕྲེང་བཀྲ་བས་ས་གཞིའི་ཁྱོན།། ཡོངས་སུ་ཁྱབ་པའི་ཚུལ་དེ་མཐོང་བ་ན།། མཁའ་ཡི་མཛེས་རྒྱན་རྒྱུ་སྐར་ཕྲེང་བའི་ཚོགས།། གནམ་མཐོངས་ཀུན་གསལ་དབྱིངས་སུ་བཀྲམ་པ་བཞིན།།
རབ་རྟོག་གསལ་བྱེད་ཀྱི་སྒྲ། སྙམ་དང་དྭོགས་དང་ངེས་དང་འདྲ།། མིན་ནམ་ཞེས་སོགས་དུ་མ་ཡོད།།
༡༽ སྙམ་སྒྲ་ཅན། དཔེར་ན། མི་ཡུལ་འཇིག་རྟེན་ཟླུམ་པོ་འཁྲུགས་ཆ་ལ།། ནམ་མཁའ་མིག་ཟུང་བགྲད་ནས་ལྟ་བ་སྙམ།།
༢༽ དྭོགས་སྒྲ་ཅན། དཔེར་ན། ༸གོང་ས་ཆེན་པོའི་འཕྲིན་ལས་འདི་ལྟར་ནས།། རྒྱལ་བ་གཉིས་པ་ཕྲག་དོག་བྱེད་ཀྱིས་དྭོགས།།
༣༽ ངེས་སྒྲ་ཅན། བྲིས་དེབ་ཏུ་བཀོད་མི་འདུག
བཅུ་གསུམ་པ་རྒྱུའི་རྒྱན། བྱེད་པོ་ཤེས་བྱེད་དངོས་མེད་སོགས། རྒྱུ་ཡི་ཁྱད་པར་འགའ་ཞིག་ལ།། བརྟེན་ནས་དེ་མཐུན་འབྲས་བུ་དག། གོ་བར་བྱེད་པ་རྒྱུ་རྒྱན་ཡིན།། དབྱེ་ན་བཅུ་དྲུག་ཐམ་པ་ཡོད།།
༡༽ སྐྱེད་བྱེད་འགྲུབ་པའི་རྒྱུ། སྐྱེད་བྱེད་དངོས་པོ་གང་ཞིག་ལས་བསྐྱེད་བྱ་རང་དང་མཐུན་པའི་འབྲས་བུ་ཞིག་བྱུང་བ་བསྟན་པའི་རྒྱན། དཔེར་ན། ལྷུར་ཆགས་སྲིད་པའི་གངས་རྒན་ཀཻ་ལ་ཤ།། ལང་ཚོའི་འཕེལ་ཁ་འགྲིབ་པའི་རྔུལ་ཆུ་དག། དལ་གྱིས་འབབ་པའི་རྣམ་བཞིའི་ཆུ་བོ་འདིས།། གདུང་སེལ་བདུད་རྩིའི་དཔལ་སྟེར་ཅི་ཡང་འཇོ།།
༢༽ ཉམས་བྱེད་སྒྲུབ་པའི་རྒྱུ། སྐྱེད་བྱེད་དངོས་པོ་དེས་བསྐྱེད་བྱ་འབྲས་བུ་དེ་ཉིད་གོ་ལྡོག་ནས་སྐྱེད་པའི་རྒྱན། དཔེར་ན། རྒུད་པའི་ཉེས་སྐྱོབ་ཕན་པའི་སྨན་སྦྱོར་མཆོག། ལྷོད་མེད་ལྷག་བསམ་གངས་རི་ལས་འཕོས་པའི།། ལེགས་བཤད་གཏམ་གྱིས་ཤེས་མེད་ཅོལ་ཆུང་ཚོའི།། སེམས་ལ་གདུང་བ་ཅི་ཡང་འཕེལ་བར་བྱེད།།
༣༽ རྣམ་འགྱུར་གྱི་རྒྱུ། རྣམ་པར་འགྱུར་བྱའི་དངོས་པོ་ཞིག་འགྱུར་བྱེད་ཀྱི་རྒྱུས་རྣམ་པར་གཞན་ཞིག་ཏུ་འགྱུར་བ་བྱས་པ་ལྟར་བསྟན་པའི་རྒྱན། དཔེར་ན། མི་སྡུག་ནག་ནོག་དྲི་མས་ཡོངས་འཁྱུད་པའི།། གདོང་རིས་དེ་ཉིད་ཆུ་ཡིས་བཀྲུས་བྱས་ཏེ།། དཀར་དམར་ཚོན་གྱི་མཛེས་ཆས་བྱུག་པ་ལས།། ཡིད་འོང་མིག་གི་བདུད་རྩིའི་དགའ་སྟོན་གྱུར།།
༤༽ ཐོབ་བྱེད་ཀྱི་རྒྱུ། ཐོབ་བྱེད་བྱ་བའི་ཁྱད་པར་གྱི་རྒྱུ་ཞིག་ལས་འཐོབ་བྱ་གང་ཞིག་ཐོབ་པར་བསྟན་པའི་རྒྱན། དཔེར་ན། གནམ་མཐོངས་དབྱིངས་ནས་ནུབ་ཕྱོགས་ལ་བསྐྱོད་དེ།། ཨ་རིའི་ཟ་ཁང་ལས་ཀ་ལ་ཞུགས་པས།། ཉི་ཟླ་ཞག་གི་ཕྲེང་བ་རིང་པོའི་ནང་།། བྱ་སྐེ་སྟོང་ཕྲག་གཅོད་པའི་དགེ་རྩ་ཐོབ།།
༥༽ ཕྱི་ཤེས་བྱེད་ཀྱི་རྒྱུ། ཤེས་བྱེད་དུས་ཀྱི་ཁྱད་ཆོས་འགའ་ཞིག་བཀོད་ནས་དེས་ཤེས་བྱ་དུས་ཀྱི་ཁྱད་པར་ཞིག་གོ་བར་བྱེད་པའི་རྒྱན། དཔེར་ན། ལྗོན་ཤིང་ལོ་འདབ་གྲང་ལྷགས་བསིལ་པོས་འཁྱེར།། ཁ་བའི་གོས་ཀྱིས་རི་ཀླུང་ཡོངས་སུ་བསྟིམས།། ཉལ་འགྲོའི་བུ་མོ་འཁྱགས་པས་བཙོན་དུ་བཅིངས།། དུས་ཀྱི་ཐུན་མཚམས་ཕལ་ཆེར་མཚན་མོས་ཟིན།།
༦༽ ནང་ཤེས་བྱེད་ཀྱི་རྒྱུ། ཤེས་བྱེད་ལུས་ངག་གི་ཁྱད་པར་འགའ་ཞིག་བཀོད་པ་དེས་ཤེས་བྱ་ནང་བསམ་བློའི་གནས་ཚད་གོ་བར་བྱེད་པའི་རྒྱན། དཔེར་ན། ཉིན་མོ་ཉི་མའི་འོད་ཀྱི་མི་སེལ་ཞིང་།། མཚན་མོར་གློག་དང་ཟླ་བས་མི་གསལ་བས།། སྐྱེས་སྦྱངས་གོམས་པའི་བག་ཆགས་མེད་པ་ཡི།། བློ་གྲོས་སྐལ་བ་ངན་པའི་ཚུལ་དེ་དཔོག།
༧༽ སྔར་ནས་མེད་པའི་བྱེད་རྒྱུ། སྔར་ནས་མེད་པ་ཞིག་ལ་རྒྱུ་ཞིག་བཏགས་ནས་དེ་ལས་འབྲས་བུ་གང་ཞིག་བྱུང་བ་ལྟར་བསྟན་པའི་རྒྱན། དཔེར་ན། མགོ་ལ་གཡུ་དང་བྱི་རུའི་རྒྱན་ཆ་མེད།། ལུས་ལ་ཕྲུག་དང་ཚྭ་རུའི་གོས་བཟང་མེད།། རྒྱབ་ལ་ཕ་མའི་ཁྱིམ་མིང་མེད་པ་ལས།། མི་ཚེ་ཕ་ཁྱིམ་ལུས་པའི་བུ་མོ་སྐྱོ།།
༨༽ ཞིག་ནས་མེད་པའི་བྱེད་རྒྱུ། སྔར་ཡོད་དངོས་པོ་ཞིག་ཞིག་ནས་མེད་པ་དེར་རྒྱུར་བཏགས་ནས་དེ་ལས་འབྲས་བུ་གང་བྱུང་བ་བསྟན་པའི་རྒྱན། དཔེར་ན། འགྱེད་དང་སྐུ་ཡོན་ཆང་ཁང་ནང་དུ་སྤྲོད།། གཟན་དང་ཤམ་ཐབ་རྫབ་དོང་ནང་དུ་འཕངས།། དམ་ཚིག་སྡོམ་པ་འཆལ་མོའི་མངལ་ལ་སྐྱེལ།། ད་ནི་འདི་ཕྱི་གཉིས་མེད་སྤྲང་པོ་དངོས།།
༩༽ ཕན་ཚུན་མེད་པའི་བྱེད་རྒྱུ། ཕན་ཚུན་གཅིག་ལ་གཅིག་མེད་པའི་དངོས་མེད་ཀྱི་བཏགས་པ་བ་ཞིག་ལས་འབྲས་བུ་གཞན་ཞིག་ཐོབ་པ་བསྟན་པའི་རྒྱན། དཔེར་ན། ཚ་རླབས་འབར་བའི་ཞིང་འདི་བསིལ་ལྗོངས་མིན།། ཤ་སྐམ་ལུས་རིད་འདི་ཀོ་བོད་པ་མིན།། ཅ་ཅོ་འུར་ཟིང་འཁྲུགས་འདི་བོད་སྐད་མིན།། དེ་སླད་ད་ནི་ཕ་ཡུལ་གངས་ལྗོངས་དྲན།།
༡༠༽ སྤངས་ནས་མེད་པའི་བྱེད་རྒྱུ། སྔར་ཡོད་དངོས་པོ་ཞིག་སྤངས་ནས་མེད་པར་རྒྱུ་ཞེས་བཏགས་ནས་དེ་ལས་འབྲས་བུ་གཞན་ཞིག་ཐོབ་པ་བསྟན་པའི་རྒྱན། དཔེར་ན། ནུབ་གླིང་ཞིང་ཁམས་འགྲིམས་པའི་ལག་ཁྱེར་དང་།། ན་ཆུང་བུ་མོའི་བསླུ་བྲིད་ཞགས་པའི་སྣེ།། རིང་དུ་སྤངས་ནས་གདན་སའི་གཞུང་ཆེན་ལ།། བརྩོན་པས་རབ་འབྱམས་སྨྲ་བའི་ལག་ཁྱེར་བླངས།།
༡༡༽ རྒྱུ་མེད་པ་ལས་འབྲས་བུ་མེད་པ་སྐྱེད་པའི་རྒྱུ། དགག་ཚིག་གཉིས་དང་འབྲེལ་བའི་བརྟག་པ་མཐའ་བཟུང་གི་རྒྱུ་དངོས་མེད་ཅིག་ལས་འབྲས་བུ་མེད་པ་ཞིག་སྐྱེད་པ་བསྟན་པའི་རྒྱན། དཔེར་ན། གསང་ཡུམ་བསྟེན་པས་རྒྱལ་སྲས་བླ་སྤྲུལ་རྣམས།། དམ་ཚིག་སྡོམ་པ་མ་བོར་པ་མིན་ན།། རིག་གྲོལ་འདུས་པ་རྒྱ་མཚོའི་གྲལ་མགོ་ལ།། རྣམ་གསུམ་ངུར་སྨྲིག་བཀླུབས་ནས་བཞུགས་པར་ངེས།།
༡༢༽ རིང་འབྲས་རྒྱུ། རྒྱུ་དེས་ཆེད་དུ་གཉེར་བའི་འབྲས་བུ་དེ་མ་ཟད་དེ་ལས་རིང་བའི་འབྲས་བུ་ཞིག་ཀྱང་སྐྱེད་པ་བསྟན་པའི་རྒྱན། དཔེར་ན། ཨ་རི་དྲག་པོའི་དམག་གིས་སྦིན་ལ་ཏན།། དཔུང་ཚོགས་རྩྭ་ཕུང་ཇི་བཞིན་གཏོར་བ་ན།། འཚེ་བ་ཆོས་སུ་འདོད་པའི་ཕྱོགས་གཏོགས་ཀུན།། སྐྲག་ནས་མཚན་མོ་གཉིད་ཀྱི་གོ་སྐབས་བརླགས།།
༡༣༽ རྒྱུ་འབྲས་ལྷན་ཅིག་པ། རྒྱུ་འབྲས་གཉིས་དུས་མཉམ་དུ་གྲུབ་པ་ལྟར་བསྟན་པའི་རྒྱན། དཔེར་ན། ཟབ་རྒྱས་མདོ་སྔགས་གཞུང་ལུགས་བརྒྱ་ཕྲག་གི།། དཀའ་གནད་ཕྲ་ཞིབ་རིགས་པས་དཔྱད་པའི་གསུངས།། ཐོས་པའི་མོད་ལ་གཟུ་གནས་མཁས་པ་ཀུན།། ཡིད་སྤྲོ་དགའ་བའི་འཛུམ་མདངས་ཅི་ཡང་སྟོན།།
༡༤༽ འབྲས་བུ་སྔ་བའི་རྒྱུ། རྒྱུ་ལས་འབྲས་བུ་སྔོན་དུ་གྲུབ་པ་ལྟར་སྙན་ངག་མཁན་གྱིས་སྒྲོ་བཏགས་ནས་བསྟན་པའི་རྒྱན། དཔེར་ན། ལུང་རིགས་རླབས་ཀྱི་རྩེད་འཇོ་རོལ་བ་ཡི།། མཁས་པའི་མདུན་སར་གུས་ཕྱག་ཕུལ་བའི་རྗེས།། ཟབ་རྒྱས་ཆོས་ཚུལ་རྒྱ་ཆེར་གསུང་བ་ན།། མི་ཕྱེད་དད་གསུམ་སྙིང་གི་རི་མོ་འཛུམ།།
༡༥༽ མི་རིགས་པའི་རྒྱུ། རྒྱུ་དེ་ལས་འབྲས་བུ་སྐྱེ་བ་མི་རིགས་པ་ཞིག་སྐྱེས་པ་བསྟན་པའི་རྒྱན། དཔེར་ན། གཞན་ཕན་བྱམས་དང་བརྩེ་བའི་གཟིགས་པ་ཡངས།། འཚེ་མེད་ཞི་བའི་འཕྲིན་ལས་བཟང་པོ་ཡིས།། ཕྱོགས་མེད་འཛམ་གླིང་ཕྱོགས་ཀུན་ཁྱབ་པ་དེས།། དམར་ཕྱོགས་དཔོན་རིགས་མང་པོའི་སྙིང་ལ་གཟེར།།
༡༦༽ རིགས་པའི་རྒྱུ། རྒྱུ་དེ་ལས་རང་མཐུན་པའི་འབྲས་བུ་ཞིག་སྐྱེས་རིགས་པ་བསྟན་པའི་རྒྱན། དཔེར་ན། སྒྲ་ཚད་སྙན་ཚིག་སྡེབ་སྦྱོར་རིགས་པ་སོགས།། གངས་ཅན་གཙུག་ལག་རིག་པའི་རྒྱ་མཚོ་ལ།། རིང་ནས་གུས་རྟག་སྦྱོར་བས་བརྩོན་བྱས་པས།། ཞུམ་མེད་སྨྲ་བའི་སྤོབས་པ་ཐོབ་འདི་སྤྲོ།།
བཅུ་བཞི་པ་ཕྲ་མོའི་རྒྱན། བསམ་དོན་སྒྲས་ཟིན་མ་བརྗོད་པར།། ལུས་དང་ངག་གི་བརྡ་ཐབས་ལས།། གོ་བར་ནུས་པ་ཕྲ་མོའི་རྒྱན།། དབྱེ་ན་ཟུར་དང་རྣམ་པ་གཉིས།།
༡༽ ཟུར་གྱི་ཕྲ་མོ། ཀུན་སློང་སྔོན་དུ་བཏང་ནས་བརྗོད་དོན་དེ་ཉིད་ལུས་ངག་གི་བརྡ་ཐབས་ལ་བརྟེན་ནས་གོ་བར་བྱེད་པའི་རྒྱན། དཔེར་ན། ཡབ་མེས་བཙན་པོའི་ཆོས་དང་རིག་གཞུང་ཀུན།། གུང་ཁྲན་ཏང་གི་མུན་ནག་རྗེས་ལུས་ཞེས།། གཤེ་ཚེ་རང་རིགས་ན་གཞོན་མཁས་པ་འགས།། དཀར་གཙང་ཁ་བའི་རྡོག་པོ་སྙིང་ལ་སྦྱར།།
༢༽ རྣམ་པ་ཕྲ་མོ། ཀུན་སློང་སྔོན་དུ་མ་བཏང་ཡང་གློ་བུར་བའི་ལུས་ངག་གི་རྣམ་འགྱུར་ལས་ནང་གི་བསམ་དོན་དེ་ཉིད་གོ་ནུས་པའི་རྒྱན། དཔེར་ན། དྲག་པོའི་ཀི་སྒྲས་ས་གཞི་འདར་བྱེད་ཅིང་།། རྣོན་པོའི་མཚོན་ཆའི་གློག་འོད་འཁྱུག་པའི་གསེབ།། སྐྱེས་པ་ཕོ་ལུས་ལེན་པའི་ཕོ་གསར་འགའ།། གཅིན་སྐྱག་གོས་ཐུང་ནང་དུ་ཤོར་ནས་གོག།
བཅོ་ལྔ་པ་ཆའི་རྒྱན། དོན་དེའི་སྐྱོན་མཚང་འགེབས་པའི་སླད།། སྒྲིབ་བྱེད་ཆོས་མཐུན་མཛེས་པ་ཞིག། བརྗོད་པའི་ཟོལ་གྱིས་སྒྲིབ་པ་དེ།། ཆ་ཡི་རྒྱན་གྱི་མཚན་ཉིད་ཡིན།། དབྱེ་བ་བཞི་ཡི་བདག་ཉིད་དོ།།
༡༽ འོས་པའི་ཆ་རྒྱན། བསྒྲིབ་བྱ་སྐྱོན་མཚང་འོས་པ་ཞིག་སྒྲིབ་བྱེད་ཀྱང་ཆོས་མཐུན་ཞིང་འོས་པ་ཞིག་བཀོད་ནས་སྐྱོན་མཚང་དེ་ཉིད་སྒྲིབ་པའི་རྒྱན། དཔེར་ན། སྨྱོ་བྱེད་གདོན་གྱིས་སེམས་རྒྱུད་འཕྲོག་པ་ལས།། ངེས་མེད་གླུ་གཞས་འདྲ་མིན་གཏོང་བ་དེ།། མྱུར་བ་རང་བཙན་ཐོབ་པའི་ཚོད་དཔོག་ནས།། སེམས་པ་དགའ་བས་མྱོས་པའི་རྟགས་སུ་བཤད།།
༢༽ མི་འོས་པའི་ཆ་རྒྱན། བསྒྲིབ་བྱའི་སྐྱོན་མཚང་མི་འོས་པ་ཞིག་བཀོད་ནས་དེ་ཉིད་སྒྲིབ་བྱེད་ཆོས་མཐུན་པ་ཞིག་བརྗོད་པའི་ཟོལ་གྱིས་སྐྱོན་མཚང་དེ་ཉིད་འགེབས་པའི་རྒྱན། དཔེར་ན། དྭ་ཡོན་དཀར་པོའི་ཆར་པ་འབབ་པའི་ཚེ།། རང་བཙན་དགྲ་ལག་ཤོར་ཡང་དགོད་པ་འདི།། འབྱུང་འཁྲུགས་ཚ་བའི་ནད་གཞི་དྲག་པོ་ཞིག། སྙིང་ལ་ཕོག་པའི་ཟུག་ངུ་ཡིན་ཞེས་བརྗོད།།
༣༽ བསྟོད་པའི་ཆ་ལ་སྨད་པ། བརྗོད་གཞི་དེར་བསྟོད་ར་གཏོང་བའི་ཟོལ་གྱིས་དོན་ལ་སྨད་པ་གོ་ནུས་པའི་རྒྱན། དཔེར་ན། ཞལ་ཟས་ཁྱི་ཟོས་ཀྱང་འཛུམ་དམུལ་དམུལ།། མར་མེ་རླུང་གི་བདས་ཀྱང་འཛུམ་དམུལ་དམུལ།། ཨེ་མ་རྒྱལ་སྲས་དམ་པའི་སྤྱོད་ཚུལ་འདིས།། དད་ལྡན་སློབ་མའི་ཡིད་དབང་མི་འཕྲོག་གམ།།
༤༽ སྨད་པའི་ཆ་ལ་བསྟོད་པ། བསྟོད་ར་གཏོང་འདོད་པའི་བརྗོད་གཞི་དེར་སྨད་པའི་ཟོལ་གྱིས་དོན་ལ་བསྟོད་པ་གོ་ནུས་པའི་རྒྱན། དཔེར་ན། དགའ་ལྡན་གསེར་ཁྲི་མིག་གི་ཟོལ་དུ་བཏང་།། འབྱོར་པའི་དངོས་འབུལ་རྡོག་པའི་འོག་ཏུ་བརྫིས།། སྨིན་དྲུག་རྫ་རིའི་གསེབ་ཏུ་ཡིབ་པ་བུ།། ཏྲེ་ཧོར་སྐྱོར་དཔོན་ཁྱེད་ནི་ཨ་རེ་བླུན།།
བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན། དཔེ་ཅན་འགའ་ཞིག་གོ་རིམ་བཞིན།། སྔོན་དུ་བཀོད་ནས་དེ་དག་གི།། འཇལ་བྱེད་དཔེ་རྣམས་རིམ་བཞིན་བཀོད།། དེ་ནི་རིམ་པ་ཅན་གྱི་རྒྱན།། དཔེར་ན། མུ་མེད་སྲིད་པའི་འདམ་དུ་བྱིངས་པ་ཡི།། ལུས་ཅན་འདི་ཚོའི་ཆགས་སྡང་རྨོངས་གསུམ་པོ།། འདབ་ཆགས་བྱ་དང་གདུག་པའི་སྦྲུལ་ནག་དང་།། རྟུལ་རྒན་ཕག་པའི་ངང་ཚུལ་འཕྲོག་པ་བཞིན།།
བཅུ་བདུན་པ་དགའ་བའི་རྒྱན། རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས།། ནང་སེམས་དགའ་བ་ཁྱད་པར་ཅན།། སྐྱེས་པ་བརྗོད་པའི་ཚིག་སྦྱོར་དེ།། དགའ་བའི་རྒྱན་གྱི་མཚན་ཉིད་ཡིན།། དངོས་ཐོབ་གཟུགས་བརྙན་ལས་བྱུང་གཉིས།།
༡༽ དངོས་ཐོབ་ཀྱི་དགའ་བ། འདོད་པའི་ཡུལ་དེ་དངོས་སུ་མཐོང་ཐོས་བྱུང་བ་ལ་བརྟེན་ནས་ནང་སེམས་ལ་དགའ་བ་ཆེས་ཆེར་འཕེལ་བ་བསྟན་པའི་རྒྱན། དཔེར་ན། རྒྱལ་ཀུན་བརྩེ་ཆེན་གཅིག་ཏུ་བསྡུས་པའི་ཁམས།། གངས་ཅན་ལྷ་གཅིག་ཕྱག་ན་པདྨོའི་སྡེ།། མཚན་དཔེའི་དཀྱིལ་འཁོར་དངོས་སུ་མཇལ་བ་ཡི།། དགའ་བ་འདི་འདྲ་ཕྱིན་ཆད་འབྱུང་བ་དཀའ།།
༢༽ གཟུགས་བརྙན་གྱི་དགའ་བ། འདོད་པའི་ཡུལ་དེའི་གཟུགས་བརྙན་ཙམ་ལ་བརྟེན་ནས་ཡུལ་ཅན་སེམས་ལ་དགའ་བ་ཆེས་ཆེར་འཕེལ་བ་བསྟན་པའི་རྒྱན། དཔེར་ན། ལེ་དབར་སྟོང་གིས་ཆོད་པའི་མཛའ་ན་མོ།། གང་ཁྱོད་དངོས་སུ་མཇལ་བའི་སྐབས་ཕྲ་ཡང་།། ཟླ་ཞལ་ཨུཏྤལ་མིག་ལྡན་འདྲ་པར་འདི།། ལག་ཏུ་འབྱོར་བས་དགའ་བ་ཅི་ཡང་བརྟས།།
བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན། ནང་གི་བསམ་བློའི་འགྱུར་བ་ལ།། བརྟེན་ནས་ཕྱི་ཡི་ལུས་ངག་ཏུ།། ཐོན་པའི་ཉམས་དག་བསྟན་པའི་ངག། དེ་ནི་ཉམས་ལྡན་རྒྱན་ཞེས་བྱ།། དབྱེ་བ་བརྒྱད་ཀྱི་བདག་ཉིད་དོ།།
༡༽ སྒེག་པའི་ཉམས་ལྡན། ཡུལ་ཡིད་དུ་འོང་བ་གང་ཞིག་དང་འཕྲད་པའི་ཡུལ་ཅན་ནང་སེམས་སུ་དགའ་བ་ཆེས་ཆེར་འཕེལ་བའི་རྣམ་པ་དེ་ཉིད་ཕྱིར་ལུས་ངག་ཏུ་ཐོན་པའི་ཉམས། དཔེར་ན། ཡུན་རིང་དཀའ་སྤྱད་འབད་པ་ལ་བརྟེན་ནས།། དགེ་ལྡན་གཙུག་ལག་རྒྱུགས་སྤྲོད་ཆེན་མོའི་སྐབས།། རྩེད་ཕུད་རྒྱུགས་འབྲས་ཐོབ་པའི་གཏམ་གོ་བས།། དགའ་བའི་གླུ་དང་རྐང་བྲོ་ལྷན་ཅིག་རྩེན།།
༢༽ དྲག་ཤུལ་གྱི་ཉམས། ཡུལ་ཡིད་དུ་འོང་བ་གང་ཞིག་ལ་བརྟེན་ནས་ནང་སེམས་སུ་ཁྲོ་བ་ཆེས་ཆེར་འཕེལ་བའི་རྣམ་པ་ཕྱི་རོལ་དུ་ཐོན་པའི་ཉམས། དཔེར་ན། དྲག་པོའི་མཚོན་གྱི་ཆར་པ་ཕབ་བྱས་ཏེ།། ཕ་ཡུལ་བཙན་ཕྲོགས་བྱེད་པའི་རྒྱ་རྒན་ཚོ།། ཆུ་སྒང་དཔའ་བོའི་ལག་ཏུ་ཚུད་པ་ན།། སྙིང་ཆུང་གྲི་བཙག་མི་བྱེད་བཞག་སྲིད་དམ།།
༣༽ དཔའ་བའི་ཉམས། སྒྲུབ་དཀའ་བ་ཞིག་ཚེགས་ཆུང་ངུས་འགྲུབ་པ་ལ་བརྟེན་ནས་ནང་སེམས་སུ་སྤྲོ་བ་དང་དྲེགས་པ་འཕེལ་བའི་རྣམ་པ་ཕྱི་རོལ་དུ་ཐོན་པའི་ཉམས། དཔེར་ན། ཚོགས་དང་ཆོས་གྲྭའི་སྒྲིག་འཛུགས་མ་ཁུར་ཞིང་།། དགུན་ཆོས་ཆེན་པོའི་དམ་བཅའ་མ་བཞག་པར།། བློ་གསལ་མཁས་མང་ཚོགས་པའི་མདུན་ས་ནས།། རྩེད་ཕུད་ལག་ཁྱེར་ཐོབ་འདི་ཅི་ཞིག་ཡིན།།
༤༽ སྙིང་རྗེ་པའི་ཉམས། ཡུལ་ཉམ་ང་བ་ཞིག་ལ་བརྟེན་ནས་ནང་སེམས་སུ་སྙིང་རྗེ་འཕེལ་བའི་རྣམ་པ་ཕྱི་རོལ་ལུས་ངག་ཏུ་ཐོན་པའི་རྒྱན། དཔེར་ན། བསད་བརྐུ་རྫུན་དང་གཡོ་སྒྱུ་ཁྲམ་པ་ཡི།། ཉེས་མེད་ལྷས་ར་ནང་གི་ལུག་ཐུག་དེ།། རྒྱུ་འབྲས་མེད་པའི་བཤན་པ་ལག་དམར་དེས།། སྤུ་གྲིས་སྙིང་ཁ་བཤགས་པ་འདི་རེ་སྐྱོ།།
༥༽ མི་སྡུག་པའི་ཉམས། ཡུལ་ཞེན་མེར་པ་ཞིག་ལ་བརྟེན་ནས་ནང་སེམས་སུ་སྐྱུགས་བྲོ་བའི་ཉམས་སམ་རྣམ་པ་ཞིག་ཕྱི་རོལ་དུ་ཐོན་པའི་རྒྱན། དཔེར་ན། གློ་ནད་འཁྲུག་པའི་བརྣག་ཁྲག་ཁ་ལུད་གསུམ།། མི་གཙང་གཅིག་ཏུ་འདྲེས་པའི་སྐྱུགས་སྣོད་ལས།། བསམ་མེད་བྱིས་པས་ཧུབ་ཀྱིས་བཏུང་བ་འདི།། མཐོང་ཚེ་སྐྱུགས་མེར་མི་ལངས་རང་དབང་མེད།།
༦༽ བཞད་གད་ཀྱི་ཉམས། བཞད་གད་སློང་བྱེད་ཀྱི་ཡུལ་གང་ཞིག་ལ་བརྟེན་ནས་ནང་སེམས་སུ་དགོད་བྲོ་བའི་རྣམ་པ་ཕྱི་རོལ་ལུས་ངག་ཏུ་ཐོན་པའི་ཉམས། དཔེར་ན། སྲིད་འབྱོར་མི་གཙང་དུག་སྦྲུལ་ཚང་འདྲ་ཞེས།། སྙིང་པོ་མེད་པར་ལྟ་བའི་དགེ་བཤེས་ལགས།། ཨ་རིའི་རྒྱལ་ཁམས་འགྲིམས་པའི་ཝི་སར་དེ།། དམར་སེར་ཁུག་མའི་ནང་དུ་སྦེད་པར་མཛོད།།
༧༽ རྨད་བྱུང་གི་ཉམས། བློ་ཡུལ་ལས་འགོངས་པའི་ཡུལ་གང་ཞིག་ལ་བརྟེན་ནས་ནང་སེམས་སུ་ཡ་མཚན་པའམ་ཧ་ལེགས་པའི་རྣམ་པ་དེ་ཉིད་ཕྱི་རོལ་ལུས་ངག་ཏུ་ཐོན་པའི་ཉམས། དཔེར་ན། བསླུ་མེད་ལས་ཀྱིས་དགྲ་གཤེད་བསྐོས་པ་ཡི།། ཤ་ཁྱི་ཤྭ་བ་གཉིས་ཀ་མི་ལའི་མདུན།། མ་དང་བུ་བཞིན་མཉམ་དུ་ཉལ་བ་འདིས།། ཁྱི་ར་རིག་པ་ཡ་མཚན་མི་སྐྱེད་དམ།།
༨༽ འཇིགས་རུང་གི་ཉམས། འཇིགས་སུ་རུང་བའི་རྐྱེན་གང་ཞིག་ལ་བརྟེན་ནས་ནང་སེམས་སུ་དངངས་སྐྲག་ཆེས་ཆེར་འཕེལ་བའི་རྣམ་པ་དེ་ཉིད་ཕྱིར་ལུས་ངག་ཏུ་ཐོན་པའི་ཉམས། དཔེར་ན། འཇིགས་རུང་མགོ་བོ་མེད་པའི་གདོན་འདྲེ་ཞེས།། ཡོད་པའི་གཞི་མེད་འཆལ་གཏམ་ཙམ་ཐོས་པས།། ན་ཞན་ཀླད་རྒྱ་ཆུང་བའི་གྲྭ་ཕྲུག་ཚོའི།། གཅིན་དང་སྐྱག་པ་སྨད་གཡོག་ནང་དུ་ཤོར།།
བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན། རྗོད་བྱེད་ཚིག་བརྗིད་དྲེགས་པའི་ཉམས།། གཟེངས་སུ་མཐོ་བ་སྟོན་པའི་ངག། གཟི་བརྗིད་ཅན་གྱི་རྒྱན་ཏེ་གཅིག། དཔེར་ན། ལྐོག་ཏུ་ངན་སྨྲས་གོམས་པའི་ཅོལ་ཆུང་ཚོ།། ཁོ་བོའི་མདུན་སར་ཞུམ་པ་མ་བྱེད་ཅིག། ཆོ་མེད་སྐྱེ་བོ་ཕལ་པའི་རང་མཚང་ལ།། འཁོན་འཛིན་བྱེད་པ་ང་ཡི་རང་ལུགས་མིན།།
ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན། བརྗོད་དོན་དངོས་སུ་མ་བརྗོད་པར།། དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར།། རྣམ་པ་གཞན་ཞིག་བརྗོད་པ་གང་།། དེ་ནི་རྣམ་གྲངས་བརྗོད་པའི་རྒྱན།། དཔེར་ན། མི་ཕྱེད་མཛའ་བས་འཁྱུད་པའི་སྙིང་སྡུག་མ།། ཁྱེད་ཉིད་ནང་ལས་རྩག་ཙིག་ལ་གཞོལ་ནས།། བཞུགས་པར་མཛོད་དང་ཁོ་བོ་ལས་ཁུངས་ལ།། རྒྱུན་ལྡན་ལས་ཀྱི་འཁོར་ལོའི་གྲྭ་ལ་འཛུད།།
ཉེར་གཅིག་པ་ཀུན་ཕན་གྱི་རྒྱན། བྱ་བ་འགའ་ཞིག་རྩོམ་པ་ལ།། སྐལ་བ་ཡི་ནི་སྟོབས་ལས་ཀྱང་།། དེ་ཡི་སྒྲུབ་བྱེད་ཕུན་ཚོགས་གང་།། ཀུན་ཕན་རྒྱན་ཏེ་གཅིག་ཉིད་དོ།
དཔེར་ན། སྟོབས་དང་འབྱོར་པའི་ཕུན་ཚོགས་ལ་སྲེད་ནས།། ཡུན་རིང་འབད་པས་བསྒྲུབས་ཀྱང་མ་འགྲུབ་པར།། གློ་བུར་ཁྲོམ་གྱི་སྲང་ལམ་རྒྱུ་བའི་སྐབས།། གསེར་ཊམ་སྟོང་ཕྲག་བླུགས་པའི་ཁུག་མ་རྙེད།།
ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན། བརྗོད་དོན་དེ་ཉིད་བསམ་པ་དང་།། འབྱོར་པ་གང་རུང་གི་སྒོ་ནས།། ཁྱད་པར་འཕགས་པ་བསྟན་པའི་ངག། རྒྱ་ཆེ་རྒྱན་གྱི་ངོ་བོར་འདོད།། དབྱེ་ན་བསམ་དང་འབྱོར་པ་གཉིས།།
༡༽ བསམ་པ་རྒྱ་ཆེ་བ། བསམ་བློའི་གནས་ཚད་གཞན་ལས་རྒྱ་ཆེ་བ་བསྟན་པའི་རྒྱན། དཔེར་ན། གྲངས་མེད་དཔུང་ཚོགས་སྟུག་པོས་མཐར་བསྐོར་ཞིང་།། སྣ་ཚོགས་མཚོན་ཆའི་ཆར་པ་འབབ་ན་ཡང་།། དཔའ་གླུ་རིང་པོ་དལ་གྱི་འཐེན་པ་འདི།། གླིང་དཀར་སྟོད་ཀྱི་དཔའ་ཐུལ་ལུགས་སྲོལ་ཉིད།།
༢༽ འབྱོར་པ་རྒྱ་ཆེ་བ། སྟོབས་དང་འབྱོར་པ་གཞན་ལས་རྒྱ་ཆེ་བ་བསྟན་པའི་རྒྱན། དཔེར་ན། ཀ་མ་རུ་པ་བརྩེགས་པའི་ཁང་བཟང་ལ།། བ་སོའི་སྒོ་གླེགས་དངུལ་འཚག་ཕུད་པས་ཤན།། གསེར་གྱི་རྒྱ་ཕིབས་སེར་པོའི་འོད་སྣང་འཕྲོ།། མའེ་སོར་རྒྱལ་པོའི་སྟོབས་འབྱོར་ལྷ་དང་མཉམ།།
ཉེར་གསུམ་བསྙོན་དོར་གྱི་རྒྱན། བརྗོད་དོན་དངོས་པོའི་གནས་ལུགས་ལ།། བསྙོན་ནས་དོན་གཞན་ཅུང་ཟད་ཙམ།། བསྟན་པ་དེ་ནི་བསྙོན་དོར་རྒྱན།། ཆོས་དང་ཡུལ་དང་རང་བཞིན་གསུམ།།
༡༽ ཆོས་ལ་བསྙོན་པ། བརྗོད་དོན་དངོས་པོ་དེའི་ཁྱད་ཆོས་དངོས་ལ་བསྙོན་ནས་དོན་གཞན་ཅུང་ཟད་ཙམ་བསྟན་པའི་རྒྱན། དཔེར་ན། མཚོ་ལྡན་སྒེག་མོའི་མཉེན་ལྕུག་ཕྱག་སོར་རྩེར།། བཻཌཱུའི་རྒྱུད་མངས་གཅིག་ཉིད་མ་ལགས་ཏེ།། སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས་ཚུལ་ཀུན།། དུས་གཅིག་ཉིད་དུ་འཇིག་རྟེན་ཁྱོན་ཀུན་སྒྲོག།
༢༽ ཡུལ་ལ་བསྙོན་པ། ཕྱི་རོལ་ཡུལ་གྱི་གནས་ལུགས་དངོས་ལ་བསྙོན་ནས་དེ་ལས་དོན་གཞན་ཅུང་ཟད་ཙམ་བསྟན་པའི་རྒྱན། དཔེར་ན། ཁ་ཆེ་ཕ་ལུའི་བསླབ་བྱ་ཞེས་པ་འདི།། མཚང་འབྲུ་ཚིག་རྩུབ་གཏམ་གྱི་སྦྱོར་བ་ཡི།། སྙིང་དང་རྣ་བ་འབིགས་པའི་མཚོན་ཆ་སྟེ།། གཞན་དུ་ལུགས་ཟུང་གསོ་བའི་སྨན་དུ་གྲགས།།
༣༽ རང་ལ་བསྙོན་པ། བརྗོད་དོན་དངོས་པོ་དེའི་རང་བཞིན་དངོས་ལ་བསྙོན་ནས་དོན་གཞན་ཅུང་ཟད་ཙམ་ཞིག་བསྟན་པའི་རྒྱན། དཔེར་ན། གྲུ་འཛིན་ཞིང་གི་འཕགས་མཆོག་འཇིག་རྟེན་མགོན།། རང་བཞིན་སྙིང་རྗེའི་གཏེར་དུ་གྲུབ་མིན་ཏེ།། གྲངས་མེད་བསྐལ་བ་བརྒྱ་ཕྲག་དུ་མ་རུ།། འབད་པ་དྲག་པོས་གོམས་པའི་མཐུ་ཙམ་ཟད།།
ཉེར་བཞི་པ་སྦྱར་བའི་རྒྱན། སྒྲ་དོན་གང་རུང་གི་སྒོ་ནས།། རྗོད་བྱེད་གཅིག་ཏུ་སྦྱར་བ་ལས།། བརྗོད་དོན་དུ་མ་གོ་ནུས་པ།། དེ་ནི་སྦྱར་བའི་རྒྱན་དུ་འདོད།། དབྱེ་བ་དགུ་ཡི་བདག་ཉིད་དོ།།
༡༽ ཚིག་གི་བཅད་མཚམས་ཐ་དད་མིན་པའི་སྦྱོར་བ། ཚིག་སྦྱོར་གཅིག་གི་ནང་སྦྱར་གཞི་ཐ་དད་དུ་མ་སྒྲ་དོན་གང་རུང་གི་སྦྱར་ཆོས་ཐུན་མོང་དུ་ཡོད་པ་རྣམས་ཚིག་གི་བཅད་མཚམས་ཐ་དད་མིན་པའི་ཐོག་ནས་སྦྱོར་བའི་རྒྱན། དཔེར་ན། ལྷུན་སྟུག་རལ་པའི་གཙུག་ན་ཟླ་བ་མཛེས།། གང་འདུལ་ཞི་དྲག་སྤྲུལ་པ་ཅི་ཡང་རོལ།། སྒྲུབ་པ་པོ་ལ་འདོད་རྒུའི་དངོས་གྲུབ་དག། སྩོལ་མཛད་ལྷ་ཁྱེད་གཙུག་ཏུ་བསྟེན་པ་མང་།།
  སྦྱར་གཞི་ཐ་དད་པ་དབང་ཕྱུག་དང་དབྱངས་ཅན་མ། བདེ་མཆོག དཔལ་ལྡན་ལྷ་མོ་བཅས་ལ་གང་གི་སྦྱར་ཆོས་རྣམས་བཅད་མཚམས་གཅིག་གི་སྒོ་ནས་ཐུན་མོང་དུ་འཇུག་གོ
༢༽ ཐ་དད་ཚིག་འདྲའི་སྦྱར་བ། ཚིག་སྦྱོར་གཅིག་ཉིད་བཅད་མཚམས་ཐ་དད་པའི་དབང་གིས་དོན་མི་འདྲ་བ་དུ་མ་ལ་སྦྱར་བའི་ཚིག་སྦྱོར་ཞིག་ལ་ཟེར། དཔེར་ན། རྩ་བ་མཐུན་པ། རིང་ནས་དུང་བའི་ཟོལ་གྱིས་འཁྱུད་པ་ཡི།། སྙིང་བརྩེ་མ་འདི་བདག་གི་མ་མ་ལགས།། དེ་སླད་ཉེས་བྲལ་བདེ་དགའ་གསར་པའི་རོ།། སྩོལ་བ་མཛད་པ་འདི་ནི་འོས་ཤིང་རིགས།། དགྱེས་གླུ་དང་མཐུན་པ། སྐྱེ་བོ་ཀུན་ལ་མཐུན་ཞིང་འཇུག་པ་མཁས།། རྒྱུན་དུ་སྣ་ཚོགས་གཏམ་གྱིས་གཞན་ཡིད་འགུག། རིགས་མཐུན་འགྲོ་ལ་འདོད་པའི་དགའ་སྟོན་ཏེ།། སྩོལ་བྱེད་འདི་ཀོ་མཛེས་མ་ལགས་སམ་ཅི།།
༣༽ བྱ་བ་ཐ་དད་པའི་སྦྱོར་བ། ངོ་བོ་ཐ་དད་པའི་སྦྱར་གཞི་གཉིས་ཀྱི་བྱ་བ་ཐ་དད་མིན་པ་ཞིག་ལ་སྒྲ་དོན་ཅི་རིགས་ཀྱི་སྒོ་ནས་ཐུན་མོང་དུ་སྦྱར་བའི་རྒྱན། དཔེར་ན། དཔལ་ལྡན་འཕྲོག་བྱེད་ཀུན་གྱི་རབ་དང་ཕུལ།། དགྱེས་ཞལ་འཛུམ་དཀར་གཡོ་བའི་མཆུ་སྒྲོས་ཅན།། བློ་གསལ་མཁས་པའི་གཏམ་དང་གར་མཁན་མའི།། སྙན་པའི་གླུ་ཡིས་ཀུན་ཡིད་འཕྲོག་པར་བྱེད།།
༤༽ བྱ་བ་འགལ་མིན། སྒྲ་དོན་གང་རུང་གི་སྦྱར་ཆོས་ཐུན་མོང་དུ་ཡོད་པའི་སྦྱར་གཞི་གཉིས་ཀྱི་བྱ་བ་ཐ་དད་ཀྱང་མི་འགལ་བར་བསྟན་པའི་རྒྱན། དཔེར་ན། འདིའི་དཔེར་བརྗོད་བཤུས་ཐུབ་མི་འདུག
༥༽ འགལ་བའི་ལས་ཅན་སྦྱར་བ། སྒྲ་དོན་གང་རུང་གི་སྦྱར་ཆོས་ཐུན་མོང་དུ་ཡོད་པའི་སྦྱར་གཞི་དངོས་པོ་གཉིས་ཀྱི་བྱ་ལས་འགལ་བར་བསྟན་པའི་རྒྱན། དཔེར་ན། རབ་རྣོན་འབར་བའི་མཚོན་ཆ་ཕྱག་ན་བསྣམས།། མི་སྲུན་རྒོལ་ངན་བྱེ་བའི་འཇོམས་པའི་དབུས།། ཁྱུ་མཆོག་དཔའ་བོ་ཁོང་ཁྲོ་འཕེལ་བྱེད་ཅིང་།། བརྟན་པའི་འཁོར་ལོས་ཉེས་ཚོགས་ཡོངས་སུ་སྐྱུངས།།
༦༽ ངེས་པ་ཅན་གྱི་སྦྱར་བ། སྦྱར་ཆོས་དེ་དག་འཇུག་ཡུལ་དུ་མ་ཡོད་པ་ལས་ཡུལ་གཞན་རྣམས་བཀག་སྟེ་གཅིག་ཤོས་ཁོ་ནར་ངེས་པར་འཇུག་པའི་སྦྱར་རྒྱན། བཙན་པོའི་ཁྲིམས་སྲོལ་འདི་ཀོ་རྒྱལ་ཁབ་དོན།། ཡིན་གྱི་རང་སྒེར་ཁེ་ཕན་ཆེད་དུ་མིན།། མི་བཟད་མནར་གཅོད་དྲག་པོ་སྡིག་སྦྱོང་ཆེད།། ཡིན་གྱི་འཁོན་འཛིན་མ་ཡིན་སྲོང་བཙན་རྗེ།།
༧༽ ངེས་པར་འགོག་པའི་སྦྱར་བ། སྦྱར་ཆོས་ཐུན་མོང་བ་ཞིག་སྦྱར་གཞི་གཅིག་ཏུ་ངེས་པ་ལྟར་བརྗོད་ནས་སླར་དེར་མ་ངེས་པར་སྦྱར་གཞི་གཞན་ལ་དེ་ཉིད་སྦྱོར་དུ་ཡོད་པར་བསྟན་པའི་རྒྱན།
དཔེར་ན། ཡིད་འཕྲོག་དཔལ་དང་ལྡན་པའི་མཚོ་བྱུང་ནི།། གཙུག་ཏུ་བསྟེན་པ་དཔལ་གྱི་མགྲིན་པ་ཅན་ཙམ།། འོན་ཀྱང་མ་ངེས་གངས་ཅན་མཁས་པའི་གཙོ།། འཇམ་མགོན་བླ་མ་ཡིས་ཀྱང་གཙུག་ན་བཀུར།།
༨༽ འགལ་མེད་སྦྱར་བ། དོན་གྱི་སྦྱར་གཞི་གཅིག་ལ་དཔེའི་སྦྱར་གཞི་སྦྱར་ཆོས་དུ་མ་མི་འགལ་བའི་སྒོ་ནས་སྦྱར་བའི་རྒྱན། དཔེར་ན། འགྲོ་བའི་ཏོག་གྱུར་མི་མཐུན་ཕྱོགས་རྣམས་འཇོམས།། འཇིག་རྟེན་འདྲེན་བྱེད་མུན་ཚོགས་རྣམ་པར་གསལ།། གསུང་གི་དབང་ཕྱུག་བདུད་རྩི་འཇོ་བའི་གཏེར།། འཇིན་རྟེན་མགོན་དེའི་གཟི་བརྗིད་བླ་ན་འབར།།
༩༽ འགལ་བ་ཅན་གྱི་སྦྱར་བ། སྦྱར་ཆོས་གང་ཞིག་བཀོད་པ་དེ་དག་དོན་གྱི་སྦྱར་གཞི་ལ་མི་འགལ་ཡང་དཔེའི་སྦྱར་གཞི་ལ་འགལ་བའི་སྦྱར་རྒྱན། དཔེར་ན། གཟི་བརྗིད་ལྡན་ཡང་ཉིན་མོ་བྱེད་པ་མིན།། གཞན་ཕན་བསིལ་བ་འཇོ་ཡང་ཟླ་བ་མིན།། སྣུམ་པའི་དྲི་བསུང་མངར་ཡང་ལག་འགྲོ་དབེན།། ཀུན་ཡིད་འཕྲོག་ཀྱང་ལང་ཚོ་ཡོལ་བ་གང་།།
ཉེར་ལྔ་པ་ཁྱད་པར་གྱི་རྒྱན། བརྗོད་བྱའི་དངོས་དེར་རྒྱུ་རྐྱེན་སོགས།། ཁྱད་ཆོས་འགའ་ཞིག་མ་ཚང་ཡང་།། ཁྱད་པར་ཚང་བ་ལས་ལྷག་པ།། བསྟན་པས་ཁྱད་པར་བརྗོད་པའི་རྒྱན།། དབྱེ་ན་ལྔ་ཡི་བདག་ཉིད་དོ།།
༡༽ ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ། བརྗོད་གཞི་དེའི་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་མ་ཚང་ནའང་འབྲས་བུ་དེ་དག་ཚང་བ་འདྲ་བ་ཞིག་བྱུང་བ་བསྟན་པའི་རྒྱན། དཔེར་ན། ལྕེ་རྩེ་སོ་ལ་བརྡར་བའི་ཚིག་རྩོད་འདི།། རྩུབ་པ་མ་ཡིན་རྣོ་བའང་མ་ལགས་ཏེ།། ཕ་རོལ་དམར་ཆུང་སྙིང་གི་ཁང་བཟང་ནི།། དུམ་བུར་གཏུབ་བྱེད་མཚོན་ཆ་དངོས་ལས་ཐུ།།
༢༽ རིགས་མ་ཚང་བའི་ཁྱད་པར་བརྗོད་པ། རིགས་ཀྱི་ཁྱད་པར་འགའ་ཞིག་མ་ཚང་ཡང་འབྲས་བུ་དེ་དག་ཚང་བ་དང་འདྲ་བ་བསྟན་པའི་རྒྱན། དཔེར་ན། སྐུ་དྲག་མཐོན་པོའི་རིགས་སུ་མ་སྐྱེས་ཤིང་།། བླ་ཆེན་སྤྲུལ་སྐུའི་སྐྱེས་ཕྲེང་མ་འཆང་བར།། དགེ་ཆོས་སྨྱོན་པས་བཟི་གཏམ་སྒྲོག་བཞིན་དུ།། གངས་ཅན་རང་དབང་གཙང་མའི་དཔང་རྟགས་གླེང་།།
༣༽ བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། བྱ་བའི་ཁྱད་པར་འགའ་ཞིག་མ་ཚང་ཡང་འབྲས་བུ་དེ་དག་ཚང་བ་དང་འདྲ་བསྟན་པའི་བསྟན་པའི་རྒྱན། དཔེར་ན། གྲངས་མེད་བསྐལ་པར་ཚོགས་གཉིས་མ་བསགས་ཤིང་།། དགེ་ཚུལ་སློང་གི་བསླབ་སྡོམ་མ་བཞེས་པར།། བཞད་པའི་རྡོ་རྗེ་གསང་སྔགས་ལ་ཞུགས་ཏེ།། ཟུང་འཇུག་གྲུབ་པའི་གོ་འཕངས་མངོན་དུ་བྱས།།
༤༽ རྫས་མ་ཚང་བའི་ཁྱད་པར་བརྗོད་པ། རྫས་ཀྱི་ཁྱད་པར་འགའ་ཞིག་མ་ཚང་ཡང་འབྲས་བུ་དེ་དག་ཚང་བ་དང་འདྲ་བ་བསྟན་པའི་རྒྱན། དཔེར་ན། ཞི་དུལ་སྐུ་ལ་སྲ་བའི་གོ་འཁྲབ་དང་།། འཇམ་མཉེན་ཕྱག་ཏུ་མཚོན་ཆ་མི་ལྡན་པར།། ཧོར་སོག་གཏུམ་པོའི་ལག་ན་ཆོལ་ཁ་གསུམ།། འགྲོ་མགོན་འཕགས་པའི་ཞི་བདེའི་དཔལ་ལ་སྦྱོར།།
༥༽ རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ། རྒྱུ་ཡི་ཁྱད་པར་འགའ་ཞིག་མ་ཚང་ཡང་འབྲས་བུ་དེ་དག་ཚང་བ་དང་འདྲ་བ་བསྟན་པའི་རྒྱན། དཔེར་ན། དཀར་འཇམ་ལུས་ཀྱི་རེག་པ་མི་ལྡན་ཞིང་།། ལྡེམ་ཞིང་འཁྱུགས་པའི་སྒྱུ་རྩལ་མེད་ནའང་།། ལྷོད་མེད་བརྩེ་བ་ལྡན་པའི་སྙིང་སྡུག་འདིས།། ནམ་ཡང་མི་ཕྱེད་མཛའ་བའི་དཔལ་ལ་སྦྱོར།།
ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན། བརྗོད་འདོད་དངོས་དེའི་དཔེ་དང་དོན།། མིང་ངམ་རྣམ་གྲངས་ཀྱི་སྒོ་ནས།། བསྟོད་སྨད་གང་ཞིག་མཚུངས་སྦྱོར་བ།། དེ་ནི་མཚུངས་སྦྱོར་རྒྱན་དུ་འདོད།། བསྟོད་དང་སྨད་པའི་མཚུངས་སྦྱོར་གཉིས།
༡༽ བསྟོད་པའི་དཔེ་དོན་མཚུངས་སྦྱོར། དཔེ་དོན་གཉིས་མིང་ངམ་རྣམ་གྲངས་གང་རུང་གི་སྒོ་ནས་བསྟོད་འོས་སུ་མཚུངས་པར་སྦྱོར་བའི་རྒྱན། དཔེར་ན། རྒྱུ་སྐར་ཕྲེང་བ་འཛིན་པའི་ཟླ་གཞོན་དང་།། ཆུ་གཏེར་ཤིས་པར་སྒྲུབ་པའི་འཁོར་ལོའི་ལག། སྟོབས་བཅུ་དཔལ་མངའ་རྣམ་འདྲེན་ཟས་གཙང་སྲས།། འདི་ཀོ་ར་ཛཱའི་སྙན་པ་གཅིག་ཏུ་འཛིན།།
༢༽ སྨད་པའི་མཚུངས་སྦྱོར། མིང་དོན་ཅི་རིགས་ཀྱི་སྒོ་ནས་དཔེ་དོན་ཕན་ཚུན་སྨད་པའི་སྒོ་ནས་མཚུངས་པར་སྦྱོར་བའི་རྒྱན། དཔེར་ན། རུས་གོག་ཟས་སུ་རློམ་པའི་ཁྱི་རྒན་དང་།། རྩྭ་སྙོག་དག་ཞིང་སྣང་བའི་ཕག་པ་གཉིས།། རང་སྣང་དག་པའི་མགོ་སྟོང་གླེན་པ་གསུམ།། གཏི་མུག་མུན་པའི་འཕྲང་ལམ་མཉམ་དུ་འགྲིམས།།
ཉེར་བདུན་པ་འགལ་བའི་རྒྱན། འགལ་ཟླ་སྒྲུབ་བྱེད་སླད་དུ་ནི།། འགལ་བའི་ཆོས་དང་ཆོས་ཅན་འགའ།། ཕན་ཚུན་མཉམ་དུ་འགྲོགས་བྱེད་པ།། དེ་ནི་འགལ་བའི་རྒྱན་ཡིན་ནོ།། དབྱེ་ན་དྲུག་གི་བདག་ཉིད་དོ།།
༡༽ གཞི་ཐ་དད་པའི་བྱ་བ་འགལ་བ། ཁྱད་གཞི་ཐ་དད་པ་གཉིས་ཀྱི་བྱ་བ་འགལ་བ་ཅན་གཉིས་མཉམ་དུ་འགྲོགས་པར་བསྟན་པའི་རྒྱན། དཔེར་ན། རྩེ་གཅིག་ཆོས་ལ་བརྩོན་པའི་ཆོས་པ་ཚོས།། གནམ་ལོ་གསར་པའི་ཉིན་མོ་མི་རྟག་པ།། དྲན་བཞིན་སྐྱོ་བ་འཕེལ་ཞིང་ཕལ་བ་དག། རྟེན་འབྲེལ་མཛད་སྒོར་འགྲིམས་ནས་དགའ་སྟོན་བྱེད།།
༢༽ གཞི་གཅིག་གི་བྱེད་པ་འགལ་བ་ཅན། ཁྱད་གཞི་གཅིག་གི་སྟེང་དུ་འགལ་བ་ཅན་གྱི་བྱེད་པ་གཉིས་མཉམ་དུ་འགྲོགས་པར་བསྟན་པའི་རྒྱན། དཔེར་ན། དྲི་བྲལ་མཁའ་དབྱིངས་མཛེས་པའི་ཟླ་གཞོན་གྱིས།། དཀར་གཙང་ཀུན་ཏའི་འདབ་མ་གྲོལ་བྱེད་ཅིང་།། སྐྱེད་ཚལ་ཤིས་པར་སྒྲུབ་པའི་ཆུ་སྐྱེས་ཕྲེང་།། ཡིད་འོང་འདབ་མའི་ཕོན་པོ་འཛུམ་པར་བྱེད།།
༣༽ གཞི་གཅིག་གི་ཆོས་དུ་མ་འགལ་བ། ཁྱད་གཞི་གཅིག་གི་སྟེང་དུ་འགལ་བ་ཅན་གྱི་ཁྱད་ཆོས་དུ་མ་མཉམ་དུ་འགྲོགས་པར་བསྟན་པའི་རྒྱན། ཞལ་རས་ནག་ཀྱང་མགོ་སྐྱེས་སྐྲ་ལོ་དཀར།། ལང་ཚོ་གུག་ཀྱང་སེམས་རྒྱུད་མདའ་ལྟར་དྲང་།། འཇིག་རྟེན་སྲིད་པ་རྒན་པོ་འདི་ཀོ་ལ།། ལུས་སྟོབས་མེད་ཀྱང་ཉམས་མྱོང་འབུམ་གྱིས་ཕྱུག།
༤༽ རྫས་འགལ་བ། བརྗོད་འདོད་དངོས་དེའི་ཁྱད་གཞི་དང་འགལ་བའི་རྫས་ཀྱི་ཁྱད་ཆོས་དེ་དང་མཉམ་དུ་འགྲོགས་པར་བསྟན་པའི་རྒྱན། དཔེར་ན། ཟླ་བའི་བཞིན་རས་བུང་བའི་སྐྲ་ལོ་འཕྱང་།། བྱུ་རུའི་མཆུ་སྒྲོས་མུ་ཏིག་ཚེམས་འཕྲེང་འཛིན།། མཐོ་རིངས་སྐར་ཆེན་གསལ་བའི་འདྲེན་བྱེད་ཅན།། སྐྱེ་བོའི་སྙིང་ལ་བརྣག་པའི་བསླུ་ཁྲིད་མ།།
༥༽ གཞི་གཅིག་གི་ལས་འགལ་བ། གཞི་གཅིག་གི་སྟེང་དུ་བྱས་མ་བྱས་ཀྱི་ལས་འགལ་བ་ཅན་འགའ་ཞིག་མཉམ་དུ་འགྲོགས་པའི་རྒྱན། དཔེར་ན། ལྷུན་སྟུག་ནགས་ཀླུང་བསྲེགས་པའི་མེ་ལྕེ་དང་།། རྟ་ལྗང་འོད་རྣོན་འབར་བས་རེག་མིན་པར།། བདོས་བཅས་ཟག་པའི་ཕུང་པོ་རགས་པ་འདིར།། རྔུལ་ནག་ཐིགས་པའི་ལུ་གུ་རྒྱུ་མར་འཇོ།།
༦༽ སྦྱར་བའི་འགལ་བ། སྒྲ་དོན་གང་རུང་གི་སྒོ་ནས་སྦྱར་ཆོས་འགལ་བ་ཅན་འགའ་ཞིག་སྦྱར་གཞི་གཉིས་ལ་སྦྱར་རུང་བའི་རྒྱན། དཔེར་ན། རྒྱང་རིང་ལམ་ནས་ངལ་བ་ཁྱད་བསད་དེ།། འདོད་རྒུའི་གླིང་དུ་ཡུན་རིང་བསྡད་བྱས་ཤིང་།། སླར་ཡང་ཅང་མེད་འ་རུ་འདྲའི་བརྟུལ་ཞུགས།། བཟུང་ནས་རྒྱ་ཁམས་རྣམས་སུ་ཁྱི་བཞིན་ཉུལ།།
ཉེར་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན། རང་ལས་དམན་པའི་ཡུལ་ཞིག་ལ།། རྐྱེན་གྱི་དབང་གིས་བསྟོད་འདོད་པ།། སྐབས་མིན་བསྟོད་པའི་རྒྱན་ཏེ་གཅིག།
དཔེར་ན། བཙན་འཛུལ་དམར་པོའི་དཔུང་གིས་རྡུང་རྡེག་འོག། ཁྲག་དང་མཆི་མས་མི་ཚེ་སྐྱེལ་བ་ལས།། རྒྱུས་མེད་ལྷོ་མཐའི་ཚ་བ་འབར་བའི་ནང་།། གཏད་སོ་མེད་པའི་ཁྱི་ཞིག་ཡིན་ན་སྐྱིད།།
ཉེར་དགུ་ཟོལ་བསྟོད་ཀྱི་རྒྱན། རྗོད་ཚུལ་སྐྱོན་ལྟར་སྣང་ན་ཡང་།། དོན་ལ་ཆེ་བའི་ཡོན་ཏན་ཉིད།། ཉེ་བར་སྟོན་པ་ཟོལ་བསྟོད་ཡིན།། མཐུ་དཔའ་སྟོབས་ཀྱི་ཟོལ་བསྟོད་གསུམ།།
༡༽ མཐུ་ཕུན་སུམ་ཚོགས་པ། བརྗོད་གཞི་དེར་སྨད་པའི་ཟོལ་གྱིས་དོན་ལ་མཐུ་ཁྱད་པར་ཅན་དང་ལྡན་པ་གོ་བར་བྱེད་པའི་རྒྱན། དཔེར་ན། རྭ་ལོ་ཆེན་པོས་ལྟ་སྟངས་ཙམ་གྱིས་ཀྱང་།། རྒོལ་བའི་ཁྱུ་ཚོགས་བྱ་སྒྲོ་བཞིན་བསྲེགས་ན།། སྨོན་ལམ་དཔལ་བས་གཏེར་ཆེན་གསུམ་འཕངས་ནས།། ཞིང་བཅུའི་གཡུལ་ངོ་འཇོམས་ལ་ངོ་མཚར་ཅི།།
༢༽ དཔའ་བ་ཕུན་ཚོགས། བརྗོད་འདོད་ཀྱི་དངོས་པོ་དེར་སྨད་པའི་ཟོལ་གྱིས་དེའི་ཞུམ་པ་མེད་པར་དཔའ་བོའི་ཡོན་ཏན་དོན་གྱི་གོ་ཐུབ་པའི་རྒྱན། དཔེར་ན། མཐའ་བཞིའི་རྒྱལ་ཕྲན་ཞི་དྲག་དཔུང་ཤུགས་ཀྱིས།། དབང་བསྒྱུར་ཁྲིམས་བཅད་དགོས་པས་མནར་བ་དག། ལྷ་མི་དགེ་བཅུ་སྤེལ་བའི་སྙིང་རྗེ་གཏེར།། མི་དབང་སྲོང་བཙན་ཁྱེད་ཀྱིས་རིགས་སམ་ཅི།།
༣༽ སྟོབས་ཕུན་ཚོགས། བརྗོད་འདོད་ཀྱི་དངོས་པ་དེར་སྨད་པའི་ཟོལ་གྱིས་དོན་ལ་སྟོབས་འབྱོར་སྒོ་ནས་བསྔགས་པ་ལྟར་གོ་ནུས་པའི་རྒྱན། དཔེར་ན། གཙུག་ན་ཟླ་བས་མཛེས་པ་གང་ཁྱེད་ལ།། གཉིས་སྐྱེས་དག་གི་ཉེ་བར་བསྟེན་གྱུར་མོད།། ཅི་སླད་ཁྱེད་ཞལ་ཚུལ་བཞིན་བསྟེན་ནོ་ཞེས།། ཆེ་རློམ་ཁེངས་པ་འཛིན་འདིས་ཅི་ཞིག་ལགས།།
སུམ་ཅུ་པ་ངེས་བསྟན་གྱི་རྒྱན།སྟོན་བྱེད་དཔེ་སྔོན་བཀོད་པ་དེས།། དེ་དང་མཚུངས་པའི་བསྟན་བྱའི་དོན།། མཆོག་དམན་གང་རུང་གསལ་བྱེད་པ།། དེ་ནི་ངེས་བསྟན་རྒྱན་ཏེ་གཉིས།།
༡༽ མཆོག་གི་ངེས་བསྟན། ངེས་པར་སྟོན་བྱེད་ཀྱི་དཔེ་སྔོན་དུ་བཀོད་པ་དེས་ངེས་པར་བསྟན་བྱ་དེ་ཉིད་བསྟོད་པའི་སྒོ་ནས་གསལ་བར་བྱེད་པའི་རྒྱན། དཀར་མཛེས་སྟོན་ཀའི་ཡར་གྱི་ཟླ་བ་ནི།། གོང་དུ་འཕེལ་ཞིང་གདུང་བའི་ལུས་ཅན་ཀུན།། ཞི་བསིལ་བདེ་བའི་མཆོག་སྦྱིན་སྩོལ་བ་ཡིས།། རྒྱལ་སྲས་རྣམས་ཀྱི་གཞན་ཕན་སེམས་བསྐྱེད་མཚོན།།
༢༽ མཆོག་མིན་གྱི་ངེས་བསྟན། མཆོག་མིན་གྱི་དཔེ་ཞིག་གིས་མཆོག་མིན་གྱི་དོན་ཞིག་མཚོན་ནས་སྟོན་པའི་རྒྱན། དཔེར་ན། དུད་འགྲོ་བོང་བུ་རྒན་པོའི་རྣ་བ་ལ།། གསེར་དང་བྱེ་མ་ཇི་བཞིན་བླུག་ན་ཡང་།། ཕན་གནོད་མེད་པའི་ངང་ཚུལ་འཛིན་པ་འདི།། བཟང་ངན་མེད་པའི་སྐྱེ་བོའི་རྣམ་ཐར་མཚོན།།
སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན། བརྗོད་དོན་དེ་དང་འབྲེལ་བ་ཡི།། ཡོན་ཏན་བྱ་བ་གང་ཡང་རུང་།། ལྷན་ཅིག་ཚོགས་པ་སྟོན་པའི་ངག། དེ་ནི་ལྷན་ཅིག་བརྗོད་པའི་རྒྱན།།
འདི་ནས་མན་ངའི་བྲིས་དེབ་ཐོག་ཏུ་བཤུས་མི་འདུག་པས་དོན་དགོངས་མངའ་འཚལ།