Friday, December 21, 2012

ང་ཚོའི་ཁྱི་དཀར་རིལ་དང་ནག་རིལ།


ང་ཚོའི་ཁྱི་དཀར་རིལ་དང་ནག་རིལ།
  ང་ཚོ་སློབ་གྲྭའི་ཁྱི་དཀར་རིལ་ནི་ཆུང་དུས་ནས་སློབ་གྲྭ་འདི་ག་རང་དུ་འཚར་ལོངས་བྱུང་བ་དང་།  ཤ་དང་འོ་མ་རྐྱང་པས་གསོ་སྐྱོང་བྱས་པར་བརྟེན་ཁ་ལག་དཀྱུས་མ་དེ་འདྲ་མི་ཟ་བས་གཟིམས་ཤག་ཆེན་པོ་ཞིག་གི་གཟིམ་ཁྱི་ཡིན་ཟེར་ནའང་མ་འགྲིགས་པ་མེད། གང་ལྟར་ཡང་སློབ་གྲྭའི་ནང་ཁོ་རང་གཅིག་པོ་ཡིན་པས་ཉོབ་སྣང་ཆེན་པོ་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། ཡིན་ཡང་སྟབས་ལེགས་པ་ཞིག་ལ་སློབ་གྲྭའི་ཕྱི་རོལ་ཏུ་ཁྱི་ནག་རིལ་ཞིག་ཡོད་པ་དང་། ཁོང་མོ་མཐོང་བ་ནས་བཟུང་ང་ཚོའི་ཁྱི་དཀར་རིལ་སྣང་བ་སྐྱིད་དུ་ཕྱིན་པ་མ་ཟད་ད་དུང་སྐད་རྒྱག་སྟངས་ཀྱང་མི་འདྲ་བར་གྱུར་འདུག ཟླ་ཤས་སོང་རྗེས་ནག་རིལ་དང་ཧ་ཅང་འཆམ་པོར་གྱུར་ཏེ་ཕན་ཚུན་བརྩེ་དུང་གི་མདུད་པ་དམ་པོ་ཐེབས་འདུག
 
  ཞོགས་པ་སྔ་པོ་ནས་དཀར་རིལ་ང་ཚོའི་སྡོད་ཁང་གི་བར་འཁྱམས་ནས་མིག་བཙུམ་ཙམ་ཡང་མི་བྱེད་པར་ལྟ་བསྡད་པ་དང་། སྒོ་ཆེན་ཕྱེ་མ་ཐག་ཕྱི་རུ་རྒྱུགས་ཏེ་ནག་རིལ་ཐུག་ཏུ་འགྲོ་གི་འདུག་ལ། ནག་རིལ་ཡང་དུས་ཚོད་དེ་ག་རང་ལ་སྒོ་ཆེན་གྱི་འགྲམ་དུ་ཡོང་ནས་དཀར་རིལ་སྒུག་བསྡད་པ་དང་། གལ་ཏེ་དཀར་རིལ་ཡོང་རྒྱུ་ཏོག་ཙམ་ཕྱིས་དྲགས་ཚེ་སྒོ་ཆེན་གྱི་གསེང་ནས་མཆུ་བརྐྱངས་ཏེ་སྐད་མི་འདྲ་བ་ཞིག་རྒྱག་གི་འདུག་པས་དེ་ནི་ཕལ་ཆེར་དཀར་རིལ་མགྱོགས་པོར་ཤོག ངས་སྒུག་བསྡད་ཡོད་ཅེས་པའི་དོན་ཡིན་པ་འདྲ།  ལམ་སེང་དཀར་རིལ་རྒྱུགས་འོངས་པ་དང་ཁོ་གཉིས་ཐུག་མ་ཐག་ཕན་ཚུན་འཐམ་རེས་དང་གཅིག་གིས་གཅིག་ལ་སོ་རྒྱག་ཙམ་རེ་


བྱེད་ཀྱི་འདུག་པ་དེ་ནི་ཕལ་ཆེར་ཁོང་གཉིས་ཀྱི་བརྩེ་དུང་གི་རྣམ་འགྱུར་མཚོན་པ་ཡིན་ས་རེད།
  ཁོང་གཉིས་གཡས་གཡོན་ལ་འཆམ་འཆམ་འགྲོ་སྐབས་ཉེ་འཁོར་གྱི་ཕོ་ཁྱི་ཁ་ཤས་ཀྱིས་ནག་རིལ་ལ་ཐུབ་ཚོད་དང་བརྙས་འདྲ་རྐོ་ཚེ་དཀར་རིལ་གྱིས་འཆེ་བ་སྟོན་ཙམ་རེ་བྱས་ཏེ་ནག་རིལ་ལ་སྲུང་སྐྱོབ་བྱས་པ་དང་། མོ་ཁྱི་ཁ་ཤས་དཀར་རིལ་གྱི་འགྲམ་དུ་ཡོང་སྐབས་ནག་རིལ་ཟུག་ཙམ་རེ་བྱས་ཏེ་དཀར་རིལ་ངའི་ཡིན། ཁྱོད་ཚོ་ཕར་རྒྱུགས་ཞེས་པའི་བརྡ་རེ་སྟོན་གྱི་འདུག
  ཁོ་གཉིས་ཕྱི་རུ་འཆམ་འཆམ་ཕྱིན་ཚར་རྗེས་དགོང་མོར་དཀར་རིལ་སློབ་གྲྭར་ལོག་སྐབས་ནག་རིལ་ང་ཚོའི་སློབ་གྲྭའི་ནང་ཡོང་མི་ཆོག་སྟབས་སྒོ་ཆེན་འགྲམ་ནས་དཀར་རིལ་ལ་བལྟས་ནས་བསྡད་པ་དང་། དཀར་རིལ་ཡང་བར་འཁྱམས་ནས་མར་བལྟས་ནས་བསྡད་ཀྱི་འདུག་ལ། ཁོང་གཉིས་ཕན་ཚུན་བརྩེ་དུང་ཧ་ཅང་དམ་པོ་ཡོད་ཀྱང་ཉིན་མོར་ཆུ་ཚོད་ཁ་ཤས་རིང་མཉམ་དུ་བསྡད་རྒྱུ་ལས་ཉིན་མཚན་ཀུན་ཏུ་མཉམ་ཟ་མཉམ་འཐུང་དང་། མཉམ་ཤི་མཉམ་གསོན་བྱེད་ཐུབ་ཐབས་མེད་པ་དེ་ནི་སེམས་སྐྱོ་དགོས་པ་ཞིག་རེད་འདུག ཁོ་བོས་དེ་ཚོ་མཐོང་རིམ་བཞིན་སེམས་ནང་ཚོར་བ་མི་འདྲ་བ་མང་པོ་ཞིག་སྐྱེས་ཡོང་གི་འདུག་ལ། ཡོང་རྒྱུ་མེད་པའི་རྟོག་འཆར་མང་པོ་ཞིག་ཀྱང་ངའི་ཀླད་པའི་འཛུལ་ཡོང་གི་འདུག
              གལ་ཏེ་ངས་ཁྱི་སྐད་ཅིག་ཤེས་ན་དཀར་རིལ་དང་ནག་རིལ་གཉིས་ཀྱི་ལྷད་མེད་པའི་བརྩེ་དུང་གི་གཏམ་རྒྱུད་དེ་གསལ་པོར་ཤེས་ཐུབ་ལ། ད་དུང་ཁོང་གཉིས་ཀྱི་བརྩེ་དུང་གི་སྡུག་བསྔལ་དང་བདེ་སྐྱིད་དེ་ཡང་ཚོར་ཐུབ་ངེས་རེད།
  གལ་ཏེ་ཁོ་བོ་ཁྱི་ཞིག་ཡིན་ན་ཁོང་གཉིས་ལ། ཁོང་གཉིས་ཀྱི་ཁྱི་ཕྲུག་རྣམས་ཁྲིད་དེ་ཐག་རིང་ཞིག་ཏུ་བྲོས་འགྲོ་བ་དང་། དེ་ན་ཁུ་སིམ་ངང་འབྱུང་འགྱུར་གྱི་ལོ་ཟླ་རྣམས་མཉམ་དུ་བསྐྱལ་ནས་བརྩེ་དུང་གི་བྲོ་བ་དངོས་སུ་མྱོང་། ཞེས་ཁ་ཏ་བསླབ་བྱ་དང་། ལམ་སྟོན་བྱེད་ས་རེད།
  དེང་སང་སྤྱི་ཚོགས་ནང་། དཔལ་འབྱོར་དང་གོ་གནས། ད་དུང་ལུགས་སྲོལ་དང་རིགས་རུས། ཐ་ན་གདོང་གི་ཤ་མདོག་དཀར་ནག་གི་ཁྱད་པར་འབྱེད་ནས་མི་དང་མིའི་བར་བརྩེ་དུང་ཟེར་བ་དེ་མིང་ཙམ་དུ་གྱུར་དང་འགྱུར་བཞིན་པ་དང་། མི་ཕལ་མོ་ཆེས་བརྩེ་དུང་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་མི་ཤེས་ཚོར་མི་ཐུབ་པའི་སྐབས་འདིར་དཀར་རིལ་དང་ནག་རིལ་གཉིས་ཀྱི་བརྩེ་དུང་འདི་མཐོང་དུས་སེམས་གཏིང་ནས་ཡིད་སྨོན་དང་། ཁོང་གཉིས་ཀྱི་བརྩེ་སེམས་དེ་འདྲ་ཞིག་མིའི་སྤྱི་ཚོགས་ཀྱི་ནང་དུའང་ཁྱབ་ཐུབ་ན་བསམ་ནས་སྨོན་ལམ་ཞིག་ཀྱང་བཏབ་ཤོར་སོང་།
  སྐད་ཆ་དྲང་པོ་ཞིག་བཤད་ན། ཁོ་བོས་བསླེབ་ལ་ཉེ་བའི་རྒྱལ་སྤྱིའི་ལོ་སར་གྱི་མཚན་མོར་དཀར་རིལ་དང་ནག་རིལ་གཉིས་ཆང་ས་རྒྱག་བཅུག་པ་དང་། དགའ་སྟོན་རྟེན་འབྲེལ་ལེགས་པོ་ཞིག་བྱས་ཏེ་ཁོང་གཉིས་མ་ཤི་བར་དུ་མཉམ་དུ་བསྡད་འཇུག་རྒྱུའི་གན་རྒྱ་བཞག་པ་དང་། དགེ་སློབ་ཚང་འཛོམས་ཀྱི་ཐོག་མཛད་སྒོ་གྲ་རྒྱས་པོ་ཞིག་བྱེད་འདོད་འདུག    ཡིན་ཡང་།  བོད་པའི་སྤྱི་ཚོགས་ཀྱི་མི་ཁ་དང་རྒྱབ་བཤད་དེས་ངའི་རྣ་བ་དང་སྙིང་ཚ་རུ་འཇུག་གི་རེད་བསམ་ནས་གློ་ཁོག་གིས་འདང་གི་མི་འདུག
གང་ལྟར་ཡང་། དཀར་རིལ་དང་ནག་རིལ་གཉིས་ཀྱི་བརྩེ་དུང་འདི་དུས་གཏན་དུ་བསྡད་པའི་སྨོན་ལམ་རེ་རྒྱག་ན་ཁོ་བོའི་རྩོམ་ཐུང་འདི་འབྲི་བའི་རེ་བ་འགྲུབ་པ་ཡིན།  
      བརྩེ་དུང་རྒྱལ་ལོ། སེམས་ཀྱི་ཚོར་བ་རྒྱལ་ལོ། རྫུན་དང་གཡོ་སྒྱུ་ཕམ་པར་ཤོག