Tuesday, October 9, 2012

ཧ་རྩོམ་ཐོལ་བྱུང་མ།

ཧ་རྩོམ་ཐོལ་བྱུང་མ།

  འབྲི་གུང་ཚེ་བརྟན་རྡོ་རྗེ།

ཨ་ཁུ་ཆོས་རྒྱལ་ཕོ་ཉས་མ་འཁྲིད་པར།།
ཧ་ཧ་གད་མོ་དགོད་བཞིན་དྲ་ཐོགས་སུ།།
ཨ་མཚར་ཡི་གེའི་ཕོ་ཉ་མངགས་པའི་གྲོགས།།
ཧ་ཅང་བདེ་བར་མཇལ་བས་སེམས་པ་དགའ།།
   བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཧ་རྒོད་པའི་ང་ཡི་དྲ་གྲོགས་ཚོ།།
ཧ་ཅང་ལྐུགས་པའི་བན་ཆུང་ཁོ་བོ་ཡང་།།
ཧ་ལོ་སྐད་ཡིག་སྐབས་ཤིག་རྒྱབ་བསྐྱུར་ནས།།
ཧ་ཧ་ཟེར་བཞིན་འདི་ན་སླེབས་ཡོད་ལགས།།

 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཅང་མང་དུ་དགོད་ཀྱང་དགེ་མཚན་མེད།།
ཧ་ལམ་མཛུམས་མདངས་བྲལ་ཡང་ཡག་པོ་མེད།།
ཧ་ཅང་རན་པའི་གད་མོའི་དགོད་སྒྲ་ལས།།
ཧ་ལམ་སྲིད་ན་བྲལ་བའི་ལེགས་བཤད་གསུངས།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཧ་རྒོད་ན་འཕྲོད་བསྟེན་ཆེ་རབས་ཟེར།།
ཧ་ཅང་སྐྱིད་ན་ཧ་ཧ་ཤོར་ནས་འགྲོ།།
ཧ་ཧ་ཁ་ལས་རྒོད་དེ་ཁོག་པ་ལ།།
ཧ་ཅང་སྡུག་བསྔལ་ཆཻ་ན་ཕན་ཐོགས་མེད།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཧ་དགོད་རྗེས་ཧུའུ་ཧུའུ་སྨྲེ་ངག་ཡོད།།
ཧ་ལམ་འཕྲོད་བརྟེན་ཕྱོགས་ལ་ཕན་སྲིད་ཀྱང་།།
ཧ་ཧ་གད་མོ་རྟ་སྐད་མ་དགོད་ཞེས།།
ཧ་ཅང་འདུལ་བའི་ནང་ནས་གསལ་གསུངས་ཟེར།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ལོ་ཧ་ལོ་ཟེར་ནས་ཨིན་མོ་ཐུག།
ཧ་ལམ་སྡོམ་པ་དེ་ཡང་ཤོར་གྲབས་ཡིན།།
ཧ་ཅང་གསང་བ་ཡིནཔའི་ནོར་བུ་དེ།།
ཧ་ལོ་དེ་ཚོར་ནམ་ཡང་སྤྲོད་ཐབས་མེད།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཅང་ཉག་ཕྲའི་དུས་སྐབས་སུ།།
ཧ་ལོའི་སྐད་ཡིག་ཤིན་ཏུ་འཁོ།།
ཧ་ལམ་ཙམ་ལས་སྡོམ་པ་ལས།།
ཧ་ཅང་གཅེས་པར་འཛིན་མཁན་དཀོན།།

 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཧ་མ་རྒོད་སྤྱོད་འཇུག་གཞུང་ལས་གསུངས།།
ཧ་ཅང་མཉམ་ཆུང་ཡིན་ན་མ་གཏོགསཔ།།
ཧ་ཅང་དཀའ་བའི་འདུལ་བའི་ཁྲིམས་ཤིང་འོག།།
ཧ་ལམ་འཛུལ་ཐབས་མི་འདུག་གྲོགས་པོ་ལགས།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཅང་མཛུལ་བར་ཐལ་ཞེས་སྨྲེ་ངག་ལས།།
ཧ་ལམ་མི་ཚེ་དུས་ཐུང་འདི་ཉིད་ནང་།།
ཧ་ཅང་ཡོངས་རྫོགས་མེད་ཀྱང་རྩ་བ་བཞི།།
ཧ་ཅང་གཙིགས་སུ་འཛིན་དང་ཆོས་གྲོགས་ལགས།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་ཆུང་ངུའི་དུས་ནས་སློབ་གྲྭ་རུ།།
ཧ་ལོ་ཧ་ལོ་ཟེར་ནས་སྦྱངས་མྱོང་ཡོད།།
ཧ་ལོའི་མེ་ཏོག་འདྲ་བའི་སྡོམ་པ་དེ།།
ཧ་ལོ་ཧ་ལོ་ཟེར་ནས་ཤོར་ཡོང་དྲན།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་འཁྲུག་འཛིང་ཆཻ་བའི་ཁོར་ཡུག་ནང་།།
ཧ་ཅང་དཀའ་མོའི་ཁྲིམས་དེ་ཐེག་པར་དཀའ།།
ཧ་ཅང་མཛེས་པའི་བུ་མོའི་བཞིན་མཐོང་ན།།
ཧ་ལམ་རང་དབང་ཟེར་བ་མི་འདུག་ད།།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ལམ་ཉིན་མཚན་མེད་པར་དྲ་ཐོག་ནས།།
ཧ་ལས་ཧོན་ཐོར་གནས་ཚུལ་མང་བལྟས་ཐར།།
ཧ་ཧ་དགོད་པའི་གད་མོ་མ་ཡིན་པར།།
ཧ་ལམ་མིག་ཆུའི་ཕྲེང་བ་ཆད་མཚམས་བྲལ།།

ཧ་ཅང་རྒྱག་ན་ཡིད་ལ་འཆར་སྒོས་འཁེངས།།
ཧ་ཅང་ལྟོགས་ན་ཟ་འདོད་མེ་ལྟར་འབར།།
ཧ་ལམ་བཀྲེས་ལྟོགས་གཉིས་ཀྱི་གནད་དོན་འདིས།།
ཧ་ཅང་མི་བུའི་དཀའ་ངལ་སྣ་ཚོགས་བཟོས།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ལམ་དུས་ཚོད་གང་རག་ཐམས་ཅད་ལ།།
ཧ་ལོ་ཟེར་ནས་དྲ་ཐོག་ཡོང་གི་ཡོད།།
ཧ་ཅང་སྡུག་དུས་སྐྱོ་གྲོགས་ཁྱེད་རྣམས་དང།།
ཧ་ཅང་སྐྱིད་དུས་སྐྱིད་རོགས་ཁྱེད་རྣམས་རེད།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་རིའི་ལྗོན་པ་དྲི་ལྡན་མཆོག་ཡིན་ཟེར།།
ཧ་ལོའི་མེ་ཏོག་གསེར་བུམ་རྒྱན་མིན་ཟེར།།
ཧ་ཅང་རང་སྣང་གང་དགའི་ལུགས་སྲོལ་ལས།།
ཧ་ཅང་ཆོས་ཉིད་དོན་མཐུན་དཀོན་པར་སྣང་།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་རྒྱག་ན་བུ་མོས་མིག་ལོག་བལྟ།།
ཧ་ཅང་སྐམ་ན་སློབ་གཉེར་བྱེད་ཐབས་བྲལ།།
ཧ་ཅང་ཧེ་བག་ཆེ་བའི་འཛམ་གླིང་ནང་།།
ཧ་ལམ་བུ་མོ་མ་རག་ཐག་ཆོད་རེད།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཤང་ལྟ་བ་དུག་གི་སྡོང་པོ་ཟེར།།
ཧ་ལམ་རྣ་བར་གོ་ཡང་མི་མཆོག་ཟེར།།
ཧ་ལས་ཧོན་ཐོར་བོད་པའི་ལུགས་སྲོལ་ཟེར།།
ཧ་ལམ་ཀུན་གྱི་མཐུན་སྣང་གཅིག་མཚུངས་འདྲ།།
ཁམས་བཟང་བསོད་དབང་ལགས།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་ཐུང་ཐུང་ཡིན་པའི་མི་ཚེའི་ནང་།།
ཧ་ཅང་མཛེས་པའི་བུ་མོ་ཞིག་དང་ལྷན།།
ཧ་ཅང་དྲོ་སྐྱིད་ལྡན་པའི་མི་ཚེ་ཞིག།
ཧ་ལམ་ང་ལ་མེད་ཐག་ཆོད་སོང་ལགས།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་རེ་ཧུར་རེ་མ་འབྲི་བསམ་བློ་ཐོངས།།
ཧ་ཅང་ཐལ་ན་གཞན་སེམས་དཀྲུག་ཉེན་ཆེ།།
ཧ་རིའི་ལྗོན་པའི་དྲི་བསུང་ཇི་བཞིན་དུ།།
ཧ་ལམ་སྙན་ཞིང་འཇེབས་པའི་གླུ་དབྱངས་ལོངས།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཤང་ལྟ་བ་ཟེར་ནས་ཕར་ལ་གཡུགས།།
ཧ་ཅང་ལོག་ལྟ་གསུང་ནས་རྒྱབ་ཏུ་གཡུགས།།
ཧ་ཅང་ཞིབ་མོའི་བློ་ཡིས་བརྟག་པ་ན།།
ཧ་ལམ་བདེནཔ་ཟེར་བ་ཀུན་རྫོབ་ཅིག།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ལམ་འཁོར་བ་སྤངས་པའི་བུ་ཁྱོད་ལ།།
ཧ་ཅང་འཇིག་རྟེན་སྙིང་པོ་ཐོབ་པར་དཀའ།།
ཧ་ལམ་སྲིད་ན་བྲལ་བའི་འཕགས་ནོར་ལ།།
ཧ་ཧ་དགྱེས་པའི་ངང་ནས་སྤྱོད་པར་འཚལ།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཧ་རེད་དོ་ང་ཡི་གྲོགས་པོ་ལགས།།
ཧ་ཅང་ཟབ་པའི་དོན་ལ་ཡ་མི་བྱེད།།
ཧ་རེ་ཧོ་རེས་རྙོག་འཛིང་མི་བྱེད་པར།།
ཧ་ཧ་རྒོད་བཞིན་ཆོབ་འདྲ་བཤད་ན་བཟང་།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་གོ་དོན་ལྡན་མི་ལུས་ལན་གཅིག་འདིར།།
ཧ་ཅང་རིང་པའི་མ་འོངས་ཕྱི་མའི་ཆེད།།
ཧ་མྱུར་མོའི་བརྩོན་འགྲུས་རྟ་ཕོ་ལ།།
ཧ་ཅང་རན་པའི་ལྕགས་འདེབས་བྱོས་དང་ཀྱེ།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་ཆུང་ངུའི་དུས་ནས་གྲ་པ་བྱས།།
ཧ་ཅང་བདེ་སྐྱིད་བྲོ་བ་མྱོང་མ་མྱོང་།།
ཧ་ལོའི་བུ་མོའི་བྲོ་བ་མ་མྱོང་ན།།
ཧ་ལམ་དབུགས་ཀྱི་རྒྱ་བ་ཆད་ས་མེད།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཡང་ཇི་བཞིན་སེམས་པ་དཀར་ན་མཛེས།།
ཧ་ལའི་དུག་བཞིན་མནག་སེམས་སྤངས་ན་ལེགས།།
ཧ་རིའི་དྲི་བཞིན་ཚུལ་ཁྲིམས་ལྡན་ན་དགའ།།
ཧ་ཧ་གྲོགས་པོ་ཀུན་གྱི་མནོ་བསམ་ཐོངས།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་ཐོབ་པར་དཀའ་བའི་མི་ལུས་ཞེས།།
ཧ་ལམ་མཚན་ཉིད་སྨྲ་བ་ཀུན་གྱིས་བཤད།།
ཧ་ཅང་མཛེས་པའི་བུ་མོས་འཛུམ་བསྟན་ན།།
ཧ་མ་ཙོག་བུར་སྡོད་མཁན་ཨེ་ཡོད་སྙམ།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཅང་སྙིང་གི་འཕར་ཤུགས་ཆེ་བས་ནས།།
ཧ་ལམ་སྐད་ཅིག་ནང་དུ་འཆི་ངེས་པས།།
ཧ་ཧ་དགོད་ནས་རང་སེམས་རང་གིས་སོས།།
ཧ་རེ་ཧུར་རེར་མ་གནང་ཆོས་གྲོགས་ལགས།།

ཧ་ལའི་དུག་བཞིན་བུ་མོ་སྤངས་དགོས་ཟེར།།
ཧ་ལམ་ལྐོག་ནས་མི་དགེ་སྣ་ཚོགས་སྤྱད།།
ཧ་ཅང་ཡིན་མདོག་སྙམ་པའི་ང་རྒྱལ་ཅན།།
ཧ་ཅང་དེང་དུས་ཟོག་པོའི་སྤྱོད་པ་རེད།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་དཀོན་པའི་ནོར་བུ་རྩ་ཆེན་དེ།།
ཧ་ཅང་མཛེས་པའི་བུ་མོའི་གཞུག་ལཤོར།།
ཧ་ལམ་མི་ལུས་ཐོབ་པ་ཐེངས་གཅིག་ཀྱང་།།
ཧ་ཅང་སྐྱིད་པོ་བྱུང་ན་མི་འགྲིགས་སམ།

 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཅང་ས་ཐག་རིང་པའི་གྲོགས་པོ་རྣམས།།
ཧ་ལམ་སྐད་ཅིག་ཕྲད་པའི་ཚན་རྩལ་འདིར།།
ཧ་ཅང་བསྟོད་པའི་སྙན་ཚིག་མེད་ན་ཡང་།།
ཧ་ཧ་དགོད་ནས་ཡག་པོ་འདུག་ཞེས་ཟེར།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་དམ་པོ་དགོས་པ་ཡིག་ཐོག་ཁྲིམས།།
ཧ་ཅང་འཆལ་པོར་སྤྱོད་པ་ཀུན་གྱི་ལུགས།།
ཧ་ལམ་འཛམ་གླིང་འདི་ན་བུ་མོ་ལ།།
ཧ་ཧ་ཟེར་ནས་མི་ཤོར་སུ་ཞིག་ཡོད།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཡིག་ལམ་ནས་བྲིས་པའི་ཚིག་རྙོགས་རྣམས།།
ཧ་ཅང་གཞུང་དྲང་མི་སྣའི་མདུན་བསྟར་ན།།
ཧ་ཧ་དགོད་པའི་འཕྱ་དམོད་མ་གནང་བར།།
ཧ་ཅང་མྱུར་མོར་རྒྱབ་སྐྱོར་བྱོས་དང་གྲོགས།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཅང་སྐྱིད་བྱུང་ང་ཡི་གྲོགས་པོ་ལགས།།
ཧ་ཅང་དགའ་བྱུང་ཁྱེད་དང་ཐུག་པ་དེས།།
ཧ་ཅང་དྲ་ཐོག་བསྡད་རྒྱུ་རྒྱུན་རིང་ན།།
ཧ་ཧ་ཟེར་ནས་ཨམ་ཕྲག་རྒོད་ཡོང་དྲན།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་ཅང་བུ་མོས་བུ་ལ་དུངས་པ་དང་།།
ཧ་ལམ་བུ་མོ་མི་འདོད་སྐྱེས་པ་མེད།།
ཧ་ཅང་ཐལ་ཆ་ཆེ་བའི་ཕྱོགས་གཅིག་གཏམ།།
ཧ་ལམ་མྱུར་དུ་སྤོངས་ན་མི་ལེགས་སམ།།

ཧ་ལམ་ཁྱེད་ལས་སྐྱིད་མེད་བུ་ཆུང་ལགས།།
ཧ་རེ་ཧུ་རེ་མ་གནང་གཟབ་གཟབ་མཛོད།།
 བེ་རི་དཔལ་ལྡན་རྣམ་རྒྱལ།

ཧ་ཧ་དྲ་གྲོགས་རྣམ་པ་ད་བཞུགས་རོགས།།
ཧ་ཅང་དབུལ་པོ་ཡིན་པའི་གྲྭ་རྐྱང་ང་།།
ཧ་ལམ་ཟླ་བ་གཅིག་གི་སྐུ་འགྱེད་ཀྱང་།།
ཧ་ལམ་འདི་ན་ཕྱིན་སོང་གྲོགས་པོ་ལགས།།།
 འབྲི་གུང་ཚེ་བརྟན་རྡོ་རྗེ།

ཧ་དགོད་ལམ་ལས་ཡིད་ལ་གང་དྲན་གླེང་།།
ཧ་ཅང་མ་འཁྲུགས་བློ་སེམས་མཐུན་པས་དགའ།།
ཧ་ལམ་དྲ་ཐོག་འདི་ན་ཁྱོད་འདྲའི་གྲོགས།།
ཧ་ཅང་མང་ན་བདེ་སྐྱིད་རྫོགས་ཐབས་བྲལ།།

༢༠༡༡། ༩། ༦ ཉིན། དྲ་ཐོག་ནས་འབྲི་གུང་བ་ཚེ་བརྟན་རྡོ་རྗེ་དང་བེ་རི་དཔལ་ལྡན་རྣམ་རྒྱལ་གཉིས་ ཀྱིས་ཐོལ་བྱུང་སྙན་ངག་གི་ལམ་ནས་བགྲོ་གླེང་བྱས་པ་ཞིག་ཡིན།