རྩྭ་རྩེའི་ཟིལ་བ་འདར་སིག་གིས།།
འདི་སྣང་སྲིད་པ་གཡོ་ཞིང་འགུལ།།
སྨིག་རྒྱུའི་འགྲེམས་སྟོན་མཛེས་པོ་འདིས།།
བརྐམ་སྲེད་འཇའ་རིས་ཡིད་ལ་བྲིས།།
དབུགས་ཀྱི་རྒྱུ་བ་འདི་ཡི་རྒྱབ།།
གསང་བ་གང་ཞིག་ཡོད་གྱུར་ན།།
དྲིན་ཆེན་རྗེ་བཙུན་བླ་མ་ཡིས།།
སྤྱན་ཟུང་བདག་ལ་འཁྱུད་པར་སྨོན།།
རྦབ་རྡོ་མགོ་ཐོག་ལྷུང་བ་ལ།།
ཐེག་པའི་ནུས་པ་མི་ལྡན་པས།།
གང་ཁྱེད་ཞབས་རྡུལ་བསྟེན་པའི་ལས།།
རིགས་ཆད་བདག་ལ་དབུལ་བར་གྱུར།།
རིགས་ཆད་བདག་ལ་དབུལ་བར་གྱུར།།
ཆོས་མིན་འདུ་བའི་དོ་ར་ན།།
ཕྱི་ཚུགས་གླེང་བའི་ཁོར་ཡུག་ཏུ།།
རྒྱ་ཕིབས་སེར་པོའི་གཟི་འོད་དང་།།
ཁྱོད་ཀྱི་ཞལ་གདམས་དེ་བས་མཁོ།།
ཕྱི་ཚུགས་གླེང་བའི་ཁོར་ཡུག་ཏུ།།
རྒྱ་ཕིབས་སེར་པོའི་གཟི་འོད་དང་།།
ཁྱོད་ཀྱི་ཞལ་གདམས་དེ་བས་མཁོ།།
དྲ་བའི་གཟེབ་ཏུ་ཚུད་གྱུར་ཀྱང་།།
ནམ་མཁར་འཛེགས་པའི་སྐྱེ་བོ་བདག།
འོད་ཀྱི་འཆིང་ཞགས་འཇམ་པོ་དེས།།
མྱུར་དུ་དམ་གྱིས་སྡོམ་པར་མཛོད།།
ནམ་མཁར་འཛེགས་པའི་སྐྱེ་བོ་བདག།
འོད་ཀྱི་འཆིང་ཞགས་འཇམ་པོ་དེས།།
མྱུར་དུ་དམ་གྱིས་སྡོམ་པར་མཛོད།།
ཕྱོགས་བཅུ་གང་དུ་རྒྱུ་ན་ཡང་།།
མཐོ་དམའ་ཅི་ཞིག་གྱུར་ཀྱང་རུང་།།
མི་ཚེའི་ཉིང་ཁུ་གཞིབ་པ་ལ།།
ཁྱོད་ནི་གཏན་གྱི་རེ་ས་ཡིན།།
མཐོ་དམའ་ཅི་ཞིག་གྱུར་ཀྱང་རུང་།།
མི་ཚེའི་ཉིང་ཁུ་གཞིབ་པ་ལ།།
ཁྱོད་ནི་གཏན་གྱི་རེ་ས་ཡིན།།
༢༠༡༦། ཟླ་བ། ༡༡།
ཚེས། ༡༧ ཉིན།
ས་གནས། ཝཱར་ཎའི་སམ་བྷོ་ཊ་ཁང་ཆེན། ཆུ་ཚོད། ༨:༤༥
ས་གནས། ཝཱར་ཎའི་སམ་བྷོ་ཊ་ཁང་ཆེན། ཆུ་ཚོད། ༨:༤༥